མི་མང་གི་བསམ་ཚུལ་སླེབས་དགོས་ན་བགྲོ་གླེང་དགོས་པ་རེད།
དྲི་བ། སྐུ་ཉིད་ས་གནས་སུ་སྐོར་བསྐྱོད་དགོས་དོན་དང་། ས་གནས་གང་དང་གང་དུ་སོང་མིན་སྐོར་ངོ་སྤྲོད་བྱེད་རོགས།
ལན། འདི་ལོ་ཕྱི་ཟླ་གསུམ་པ་ནས་༧སྐྱབས་མགོན་རིན་པོ་ཆེས་བགྲེས་ཡོལ་ཕེབས་རྒྱུ་ཡིན་པ་ཐུགས་ཐག་གསལ་པོ་བཅད་པ་དང། དེ་རྒྱལ་སྤྱིའི་ནང་དུ་ཁྱབ་བསྒྲགས་ཆེན་པོ་སོང་བ་རེད། སྤྱིར་བཏང་༧སྐྱབས་མགོན་རིན་པོ་ཆེས་བགྲེས་ཡོལ་གྱི་སྐོར་དུས་རྒྱུན་གསུང་གི་ཡོད་པ་དང་། མི་མང་དང་ཚོགས་སྡེ་ཁག གཞུང་ཚང་མས་བགྲེས་ཡོལ་མ་གནང་རོགས་ཞེས་སྐྱབས་འཇུག་ཞུས་བསྡད་ཡོད་པ་རེད། ད་ལོ་གྲོས་ཚོགས་ནང་བགྲེས་ཡོལ་གནང་རྒྱུ་ཐུགས་ཐག་བཅད་དེ་བཅའ་ཁྲིམས་བསྒྱུར་བཅོས་གཏོང་དགོས་པའི་གསུང་འཕྲིན་ནན་པོ་གནང་བ་རེད། གྲོས་ཚོགས་ནས་བོད་གཞུང་མང་ཚོགས་ཆེན་ཞིག་བསྡུ་སྐོང་བྱེད་གཏན་ཁེལ་བ་ཡིན་པས། ཚོགས་ཆེན་ཐོག་མི་མང་གི་བསམ་ཚུལ་སླེབས་དགོས་ན་གྲོས་བསྡུར་བགྲོ་གླེང་དགོས་པ་རེད། འགྱུར་བ་ཆེན་པོ་ཞིག་འགྲོ་ཡི་ཡོད་པས་མི་མང་གིས་ཤེས་དགོས་པ་གལ་ཆེན་པོ་རེད། དང་ཐོག་གྲོས་ཚོགས་འཐུས་མི་ཚོ་ས་གནས་སུ་གཞུང་འགྱུར་བ་འགྲོ་སྟངས་སྐོར་ངོ་སྤྲོད་ཆེད་དུ་ཕེབས་ཐུབ་ན་བསམ་སོང་མོད། དམིགས་བསལ་ཕེབས་མཁན་མ་བྱུང་བ་རེད། ང་དམིགས་བསལ་ཤེས་མཁན་དེ་འདྲ་མ་རེད་མོད། དེའི་སྐོར་ལ་བགྲོ་གླེང་ཞིག་སློང་ཐུབ་ན་བསམ་ནས། ཐོག་མར་ལྷོ་ཕྱོགས་སུ་བསྐྱོད་ནས་མི་མང་མཉམ་དུ་བགྲོ་གླེང་སྐབས་མི་མང་ཁྲོད་འགྱུར་བ་འགྲོ་ཡི་ཡོད་པ་ཤེས་ཀྱི་འདུག་མོད། ག་འདྲ་འགྲོ་ཡི་ཡོད་པ་ཤེས་མཁན་དཀོན་པོ་རེད་འདུག དེར་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་དང་། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་ངོ་སྤྲོད་བྱས་ཏེ། བགྲོ་གླེང་བྱེད་སྐབས། ཕན་ཐོགས་ཡོད་པ་འདྲ་མཐོང་སོང་། དེ་ནས་ཉིན་ཉི་ཤུ་རྩ་དགུའི་རིང་ས་གནས་ཁག་ཏུ་སྐོར་བསྐྱོད་བྱས་པ་ཡིན། དེའི་སྐབས་མེ་སོར་དང་བྷིང་ལོར་སོགས་སུ་རྒྱ་གར་ངོ་ཤེས་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོར་ཐུག་སྟེ་གནས་སྟངས་ངོ་སྤྲོད་བྱས་པ་ཡིན། ལྷོ་ཕྱོགས་ཁག་གི་ས་གནས་དང་ཝཱ་ར་ཎ་སི། མེན་སྤར་ཊི། བྷན་དྷ་ར། ཨོ་རི་ས། ལྡི་ལི་སོགས་སུ་བསྐྱོད་པ་རེད།
དྲི་བ། མི་མང་ཁྲོད་བསམ་ཚུལ་གཙོ་བོ་ག་འདྲ་རེད་འདུག
ལན། མི་མང་ཁྲོད་བསམ་ཚུལ་སྣ་མང་རེད་ལ། གནས་ཚུལ་ཤེས་རྟོགས་ཡོད་མེད་ཀྱི་གནས་བབ་ཀྱང་འདྲ་མིན་རེད། གཞིས་ཆགས་གང་དུ་བསྐྱོད་ནའང་༧སྐྱབས་མགོན་རིན་པོ་ཆེས་མུ་མཐུད་དབུ་ཁྲིད་གནང་དགོས་པའི་སྐྱབས་ཞུ་དགོས་པ་རེད་ཅེས་ས་གནས་ཚང་མར་ངུས་ནས་བཤད་མཁན་འདུག་ལ། ཡང་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དེ་མ་འོངས་ཕུགས་བསམ་ཡོད་པའི་ཐག་གཅོད་ཅིག་ཡིན་པ་དང་། གནད་འགག་ཆེན་པོ་ཡིན་པས། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་དེར་རྒྱབ་སྐྱོར་དང་འགན་ལེན་དགོས་པ་རེད་ཅེ་ཤོད་མཁན་ཤུགས་ཆེན་པོ་འདུག གཙོ་བོ་གཞོན་སྐྱེས་ཚོའི་ནང་དུ་དེ་འདྲ་རེད། གཞིས་ཆགས་ཁག་གི་ནང་གཟུགས་མཐོང་བརྙན་འཕྲིན་སོགས་བརྒྱུད་ནས་བོད་དོན་གནས་ཚུལ་ཤེས་རྟོགས་ཀྱི་མཐུན་རྐྱེན་ཡོད་མཁན་ཚོར་ཆབ་སྲིད་ཀྱི་གོ་རྟོགས་ཀྱང་མཐོ་བ་དང་། གནས་ཚུལ་ཤེས་རྟོགས་ཆེད་བརྒྱུད་ལམ་དཀོན་པོ་ཡོད་ས་ཚོར་གོ་རྟོགས་ཀྱང་སྐྱོ་བོ་འདུག ས་གནས་སུ་དོ་སྣང་ཡོད་མེད་མི་ཡང་འདྲ་མིན་རེད།
དྲི་བ། སྐུ་ཉིད་སྒེར་ངོས་ནས་༧གོང་ས་མཆོག་གི་དགོངས་གཞིའི་ཐོག་བསམ་ཚུལ་ག་རེ་ཡོད།
ལན། ༧སྐྱབས་མགོན་རིན་པོ་ཆེས་ཐུགས་ཐག་ཆོད་པོས་དགའ་ལྡན་ཕོ་བྲང་གིས་འགོ་ཁྲིད་པའི་གཞུང་དེ་དེར་འགྱུར་བ་ཐེབས་ཀྱི་ཡོད་པ་རེད། མང་གཙོའི་སྤྱི་ཚོགས་ནང་འགྱུར་བ་འགྲོ་རྒྱུ་དེ་གལ་ཆེན་པོ་རེད་ལ། མང་གཙོའི་སྒྲོམ་གྱི་ཕྱེད་ཀ་ལྟ་བུ་རེད། དེ་ཡང་འགྱུར་བ་གཏོང་རྒྱུ་དེ་མི་མང་གིས་ཤེས་པ་དང་བགྲོ་གླེང་བྱས། ཤེས་རྟོགས་ཡོད་པའི་ཐོག་ནས་མཉམ་ཞུགས་བྱེད་རྒྱུ་གནད་འགག་ཆེ་ཤོས་རེད། མི་མང་གིས་མ་ཤེས་པའི་ཐོག་ནས་གནས་ཚུལ་འགྱུར་བ་ཕྱིན་ན། གཞུང་གི་ནང་ལས་བྱེད་དང་འགོ་ཁྲིད་ཚོས་མ་རབས་འཁྲབ་ས་ཡོད་པ་ཆགས་སྲིད་ཀྱི་རེད། སྔོན་མ་ཡིན་ན་༧སྐྱབས་མགོན་རིན་པོ་ཆེའི་གཞུང་རེད། སྐྱབས་སུ་མཆི། བྱིན་རླབས་ཡོད་པ་རེད་ཟེར་གྱི་ཡོད་པ་རེད། ད་དུང་༧སྐྱབས་མགོན་རིན་པོ་ཆེའི་ལམ་སྟོན་ཡོད་ཡོད་པ་རེད་མོད། མི་མང་གིས་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཞིག་ཐེབས་དགོས་པ་རེད། ད་ལྟ་གཞུང་འགྱུར་བ་ཐེབས་ན། ནོར་ནའང་རེད། འགྲིག་ནའང་རེད་མི་མང་གིས་བསྐོས་པའི་འགོ་ཁྲིད་ཀྱིས་འགན་ཁུར་དགོས་ཀྱི་ཡོད་པས། འགྲིག་མིན་ལ་དོ་སྣང་བྱེད་དགོས་པ་རེད། བོད་གཞུང་གི་ལས་བྱེད་སུ་འདྲ་ཞིག་ཡིན་ནའང། དྲང་པོ་བྱས་ན་ང་ལ་བརྒྱ་ཆ་བརྒྱ་མི་མང་གིས་རྒྱབ་སྐྱོར་ཡོད་པའི་གདེང་ཚོད་ཅིག་མི་མང་གིས་ལས་བྱེད་ཚོར་སྐྲུན་ཐུབ་དགོས་པ་རེད། དྲང་པོ་མ་བྱས་ན་མི་མང་གིས་སྐྱོན་བརྗོད་བྱེད་ཀྱི་རེད། ཕྱིར་ཕུད་གཏོང་བ་དང་མི་མང་མ་དགའ་ཆགས་ཀྱི་རེད་བསམ་པ་ཞིག་དགོས་པ་རེད། མང་གཙོ་ཟེར་བ་དེ་མི་མང་གིས་བསྒྲུབ་པའི་གཞུང་ཞིག་ཡིན་པས། འགན་ཁུར་དེ་གཞུང་གི་ལས་བྱེད་གཅིག་པུ་མིན་པར་མི་མང་གིས་འགན་ཁུར་དགོས་པ་རེད། ཕྱི་ཟླ་ལྔ་པའི་ཟླ་མཇུག་ནས་བཅའ་ཁྲིམས་གཏན་འབེབས་དང་འགྱུར་བ་འགྲོ་ཡི་ཡོད་པས། དེ་རྗེས་གྲོས་ཚོགས་འཐུས་མི་ཚང་མ་མི་མང་ཁྲོད་ས་གནས་ཚང་མར་ཕེབས་ནས་ངོ་སྤྲོད་གནང་དགོས་པ་དེ་ང་རང་གི་རེ་བ་ཡིན་ལ། མི་མང་ལ་བསམ་ཚུལ་དེ་འདུག
དྲི་བ། ད་ལྟའི་བཅའ་ཁྲིམས་ཟིན་བྲིས་ཀྱི་སྐོར་ལ་དགོངས་ཚུལ་གང་ཡོད་དམ།
ལན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དེ་ང་རང་གིས་གནད་འགག་ཆེན་པོ་མཐོང་གི་ཡོད་ལ། ང་རང་གིས་ཤེས་ཚོད་ལྟར་ན། ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ནས་ཐུགས་ཐག་ཆོད་པ་ཞིག་རེད་བསམ་གྱི་ཡོད། བཅའ་ཁྲིམས་བསྐྱར་བཅོས་དེ་ཧ་རེ་ཧུ་རེ་མ་ཡིན་པར་ཚགས་ཚུད་པོ་དང་། དོན་དག་འཁྱོལ་ཐུབ་པའི་བསྒྱུར་བཅོས་གཏོང་དགོས་པ་རེད། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ནང། བཀའ་བློན་ཁྲི་པའི་དུས་ཡུན་ལ་བསྒྱུར་བཅོས་བཏང་སྟེ། དུས་ཡུན་གཉིས་ལས་མང་བ་བྱེད་ཆོག་པ་ཞིག་བཟོ་ཡི་འདུག དེ་ལ་མོས་མཐུན་མེད། མི་མང་གི་བསམ་ཚུལ་རེད་ཟེར་གྱི་འདུག་མོད། དེ་༢༠༠༩ ལོར་མི་མང་ཁྲོད་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལས་རག་གི་མ་རེད་བསམ་པའི་དངངས་འཚབ་ཅིག་ཡོད་པས། བསམ་ཚུལ་དེ་སླེབས་པ་རེད། ད་ལྟ་འོས་བསྡུའི་སྐབས་དེ་ལས་བརྒལ་ཏེ་བཀའ་ཁྲིའི་འོས་མི་སྔོན་འགྲོའི་ནང་བཅོ་ལྔ་ཞིག་སླེབས་པ་དང་། དངོས་གཞིའི་ནང་གསུམ་བརྟན་པོ་ཆགས་ཏེ་བགྲོ་གླེང་ཤུགས་ཆེན་བྱས་ཏེ། རྗེས་སུ་བློ་བཟང་སེང་གེར་འོས་ཤོག་ཚད་མཐོན་པོའི་རྒྱབ་སྐྱོར་ཐོབ་པ་རེད། ༢༠༠༩ ལོའི་དངངས་འཚབ་དེ་ཡོང་གི་མ་རེད། དེ་བཞིན་བཀའ་བློན་བདུན་དེ་བསྐོ་སྐབས་བཀའ་ཁྲིས་མིང་འདོན་བྱས་པ་དང་གྲོས་ཚོགས་ནས་རྒྱབ་སྐྱོར་དགོས་པ་རེད། ད་ལྟ་སྤྱི་འཐུས་ཀྱི་རྒྱབ་སྐྱོར་མི་དགོས་པ་བྱེད་ཀྱི་འདུག དེ་ཡག་པོ་མི་འདུག གྲོས་ཚོགས་ནང་རྒྱབ་སྐྱོར་ཡོད་དགོས་པ་གལ་ཆེན་པོ་རེད། མི་མང་གིས་བསྐོས་པའི་སྤྱི་འཐུས་ཚོས་བདམས་པ་ཡིན་ན། མི་མང་གིས་དངོས་སུ་འདེམས་པ་མིན་ནའང། བརྒྱུད་ནས་མི་མང་གི་སྐུ་ཚབ་ཀྱིས་བདམས་པ་ཞིག་ཆགས་ཀྱི་རེད། དེ་མིན་བཀའ་བློན་ཁྲི་པ་གཅིག་པུས་བསྐོ་འཇོག་བྱས་ན། མི་གཅིག་དབང་འཛིན་ཆགས་རྒྱུའི་ཉེན་ཁ་ཡོད་པས། སྤྱི་འཐུས་ཀྱིས་རྒྱབ་སྐྱོར་དགོས་པ་གལ་ཆེན་པོ་རེད།།
{jcomments on}