༧གོང་ས་མཆོག་ལ་མཁས་དབང་གི་ཕྱག་ཁྱེར་ཕུལ་འདུག
ཟླ་འདིའི་ཚེས་༡༡ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༸གོང་ས་མཆོག་ཨ་རིའི་མངའ་སྡེ་ཨར་ཀན་སའི་ནང་ཆིབས་བསྒྱུར་གནང་སྐབས། གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཨར་ཀན་སིའི་གཙུག་ལག་སློབ་གྲྭའི་དཔེ་མཛོད་ནང་ཕེབས་ཏེ། བོད་ཀྱི་རིག་གཞུང་དང་འབྲེལ་བའི་སྟོན་པའི་ཞལ་ཐང་དང་། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དགེ་འདུན་པ་ཚོས་བཞེངས་པའི་སྤྱན་རས་གཟིགས་ཀྱི་རྡུལ་མཚོན། དཀྱིལ་འཁོར་སོགས་ལ་འཚམས་གཟིགས་གྲུབ་རྗེས། གཙུག་ལག་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་མི་གྲངས་༡༠༠༠༠ བརྒལ་བར་འཚེ་མེད་ཞི་བའི་ཐབས་ལམ་སྣ་ཚོགས་ཞེས་པའི་བགྲོ་གླེང་ཚོགས་མགོན་དུ་དབུ་བཞུགས་མཛད་དེ་བཀའ་སློབ་བསྩལ་ཡོད་པ་རེད།
༸གོང་ས་མཆོག་གིས་ང་ཚོ་འགྲོ་བ་མི་རྣམས་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་པ་དང། གང་ཟག་སྒེར་གྱི་བདེ་དོན་དེ་ཚོགས་པ་སྤྱི་ལ་བརྟེན་ནས་འཚོ་བཞིན་ཡོད་པ་ལས། རུས་སྦལ་གྱི་སྒོ་ང་བཞིན་སྐྱེས་མ་ཐག་ཨ་མའི་བྱམས་སྐྱོང་ལ་བརྟེན་མི་དགོས་པ་དེ་འདྲ་མིན་པའི་སྐོར་དང། ང་རྒྱལ་སོགས་མིའི་རྣམ་དཔྱོད་དང་འདོད་རྔམ་ལས་བྱུང་བ་ཞིག་ཡིན་པ་ལས། གཞི་རྩའི་འགྲོ་བ་མིའི་རང་བཞིན་དེ་ཞི་འཇམ་ལྡན་པ་ཞིག་ཡིན། སྨན་གྱི་ཚན་རིག་པས་ཁོང་ཁྲོ་ཡུན་རིང་ལང་ཚེ་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་སོགས་ར་སྤྲོད་བྱེད་ཀྱི་ཡོད་པ་དང། བྱམས་པ་དང་བརྩེ་བའི་ཀུན་ནས་བསླངས་པའི་ལས་དེ་འཚེ་བ་མེད་པ་ཡིན་སྐོར་སོགས་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།
དེ་དང་འབྲེལ་ནས་དུས་རབས་གསར་པའི་ནང་འཚེ་མེད་ཞི་བའི་འདུན་ལམ་ཞེས་པའི་བགྲོ་གླེང་གི་བརྗོད་གཞིའི་ཐོག་བཀའ་སློབ་ཕེབས་ཡོད་པ་དང། སྐབས་དེར་༧གོང་ས་མཆོག་གིས་བོད་དོན་དང་རྒྱ་ནག་གི་གནས་བབ། རྒྱལ་སྤྱིའི་ནང་འགྱུར་ལྡོག་འགྲོ་བཞིན་པའི་སྐོར་ལ་མང་ཚོགས་ཀྱི་དོགས་འདྲི་ལ་བཀའ་ལན་བསྩལ་ཡོད་པ་རེད། བགྲོ་གླེང་དེར་མཉམ་ཞུགས་གནང་མཁན་མང་ཚོགས་གྲངས་༡༢༠༠༠ བརྒལ་བ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།