བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་བསམ་གཞིག

རྒྱུ་མཚན་ནི་སྔོན་ཆད་བཅའ་ཁྲིམས་ནང་ཡོད་པའི་བོད་རྒྱལ་ཁབ། བོད་རྒྱལ་ཁབ་ཀྱི་དབུ་འཛིན། བཙན་བྱོལ་བོད་གཞུང་ཞེས་པ་ཐམས་ཅད་མེད་པ་བཟོས་འདུག དཔེར་ན། བཅའ་ཁྲིམས་ཀྱི་ལེའུ་ལྔ་པ་དོན་ཚན་ང་བདུན་པའི་ནང་གསེས་དང་པོའི་ནང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་ཅེས་པར་མི་རིགས་ཀྱི་ཁེ་ཕན་ཆེད་ཅེས་བསྒྱུར་འདུག ཡང་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་འདི་བོད་མིའི་སྒྲིག་འཛུགས་ཞེས་བསྒྱུར་འདུག བཅའ་ཁྲིམས་རྙིང་པའི་ནང་དུ་ཡོད་པའི་གཞུང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅེས་པའི་ཐ་སྙད་ལ་གཞུང་གི་ཚབ་ཏུ་འཛིན་སྐྱོང་དང་རྒྱལ་ཁབ་ཀྱི་ཚབ་ཏུ་མི་རིགས་བསྒྱུར་ཏེ་འཛིན་སྐྱོང་དང་མི་རིགས་ཀྱི་དབུ་ཁྲིད་ཅེས་བཟོས་འདུག

གསར་དུ་འགྱུར་བ་བཏང་བའི་ཐ་སྙད་འདི་དག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་སྒྲོམ་དང་ཡོངས་སུ་མཐུན་པ་རེད། འགལ་བ་གང་ཡང་མེད། འོན་ཀྱང་བོད་མི་ཚོས་ད་བར་བརྗོད་བཞིན་པའི་བོད་རྒྱལ་ཁབ་དང་བོད་གཞུང་ཞེས་པ་དེ་ད་ནས་བཟུང་རང་ངོས་ཀྱིས་ཁྲིམས་ཐོག་ནས་འགྱུར་བ་བཏང་སྟེ་རྒྱ་ནག་གཞུང་ལ་མགོ་འདོགས་ཞུས་པ་ཆགས་མི་འདུག་གམ། ད་ང་ཚོའི་གཞུང་དེ་ (Institution) བཟོས་པ་མ་རེད་དམ། ཚིག་དེ་ཨིན་སྐད་དུ་སློབ་གཉེར་ཁང་། ཚོགས་སྡེ། སྒྲིག་འཛུགས། དེ་བཞིན་ལྷན་ཁང་སོགས་ལ་གོ་བ་རེད། ཕྱི་ལོ་དྲུག་བཅུ་རེ་གྲངས་ནས་བཟུང་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པའི་ཚོགས་པ་མང་པོ་ཡོད་རེད། ད་ནས་བཟུང་ཚོགས་པ་སུ་ཆེ་བ་དང་ཚོགས་པ་སུ་ཆུང་བ་རེད། དེས་མ་ཚད་སྒྲིག་འཛུགས་ཞིག་གི་སྐྱབས་མེད་མགོན་མེད་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་ཚབ་མཚོན་ཐུབ་ཀྱི་རེད་དམ། དྲ་གྲོགས་རྣམ་པ་ཚོ།