བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ།

ཐེངས་འདིའི་ལོ་འཁོར་ཚོགས་ཆེན་དེ་གཙོ་བོ་བོད་མི་ཚོས་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཆེད་གོ་སྒྲིག་བྱས་པ་ཞིག་ཡིན་འདུག  ཚོགས་འདུ་གོ་སྒྲིག་གནང་མཁན་ཕྱོགས་བཞི་ནས་ཕེབས་པའི་དགེ་སློང་ཚོགས་པ་ (Catuddisa Sangha) དང་ (Super Sangha) ཞེས་པའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་གནང་མཁན་ནང་པའི་དགེ་སློང་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(International Tibet Network)བཅས་ཟུང་འབྲེལ་ཐོག་ཡིན་འདུག  ཚོགས་འདུའི་སྐབས་རྡ་ས་དབུས་བོད་མིའི་འཛིན་སྐྱོང་གི་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་དང་། རྡ་སར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ཚེ་རིང་ཆོས་སྒྲུབ་ལགས་གཉིས་ཀྱིས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་དང་བོད་དོན་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་གྱི་ངོ་བོ་ཇི་ཡིན་འགྲེལ་བཤད་གསལ་པོ་གནང་ཡོད་པ་རེད།

སྐབས་དེར་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་རྒྱུག་ཆུ་དང་རྒྱ་གཞུང་གིས་བོད་མི་འབྲོག་པ་ཚོར་གནས་སྤོས་ཀྱི་ལམ་ལུགས་ལ་དམ་བསྒྲགས་བྱས་སྐོར་སོགས་ཀྱི་གནད་དོན་གསལ་བཤད་གནང་།  ཕྱོགས་མཚུངས་སྐུ་ཞབས་ཚེ་རིང་ཆོས་སྒྲུབ་ལགས་ཀྱིས་བོད་ནང་ད་ལྟའི་གནས་སྟངས་དང་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཆེད་ལས་འགུལ་སྤེལ་ཚུལ་སོགས་ཀྱི་སྐོར་སོགས་གསལ་བཤད་གནང་ཡོད་པ་མ་ཟད། འཛམ་གླིང་གི་སྣེ་གསུམ་པ་མཐོ་སྒང་བོད་སྐོར་གྱི་ལག་ཐོགས་ཡིག་ཆུང་བགོ་འགྲེམས་གནང་ཡོད་པ་རེད།

ཚོགས་འདུའི་སྐབས་རྒྱལ་ཁབ་ ༡༡ ནས་ཚོགས་བཅར་བ་མི་གྲངས་ ༧༧ ཙམ་ཕེབས་ཡོད་པ་རེད།།