བཙན་བྱོལ་བོད་གཞུང་གི་གཞུང་མིང་བརྗེ་བསྒྱུར་ལས་འཕྲོས་པའི་གཏམ།
བོད་གཞུང་དགའ་ལྡན་ཕོ་བྲང་ནི་རྒྱལ་བ་ལྔ་པ་ཆེན་པོའི་སྐབས་སུ་གསར་ཏུ་གཏོད་ཅིང་སྲིད་འཛིན་གྱི་ཁྱབ་ཁོངས་ཀྱང་དབུས་གཙང་ཆོལ་ཁ་ལས་མ་བརྒལ་བ་ལོ་རྒྱུས་ཀྱི་ཡིག་ཆ་དག་ལས་གསལ།བར་སྐབས་ཀྱི་མི་ལོ་བརྒྱ་ཕྲག་ཁ་ཤས་རིང་དགའ་ཕོ་བྲང་གཞུང་དང་བོད་གཞུང་གི་མིང་ཐོག་ནས་སྲིད་བསྐྱངས་པ་རེད། འོན་ཀྱང་། ཕྱིས་ཀྱི་དུས་འགྱུར་ཆེན་མོའི་ཡོ་ལང་ཁྲོད་རྒྱ་ནག་གི་སྲིད་དབང་གུང་ཁྲན་གྱིས་བཟུང་བ་ནས་བཟུང་ལྷ་སའི་བོད་སྡེ་པ་གཞུང་དང་པན་ཅིན་པར་དུ་འཆིང་ཡིག་དོན་ཚན་བཅུ་བདུན་ཅན་བཞག་པ་ནས་བོད་རང་བཙན་གྱི་རྣམ་པ་རྨང་ནས་བཤིག་ཅིང་རྩར་ནས་བྲེག་ཏེ་ས་གནས་སྲིད་གཞུང་གི་ངོ་བོར་བསྒྱུར་བ་རེད།དོན་དུ་དེ་ནི་བཙན་ཤེད་ཀྱིས་བཞག་པ་ཞིག་ཡིན་ཀྱང་ལག་ལེན་ཁྲོད་བོད་ཀྱི་སྲིད་དབང་རྩིས་སྤྲོད་བྱས་ཟིན། རིམ་བཞིན་རྒྱ་གཞུང་གིས་དོན་ཚན་ཁག་རྩིས་མེད་ཀྱིས་དྲག་གནོན་བྱུང་སྐབས་ད་གཟོད་རྒྱལ་བ་རིན་པོ་ཆེ་གཙོས་པའི་བོད་སྲིད་གཞུང་གི་མཐོ་རིམ་མི་སྣ་ཕལ་ཆེར་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ཡོད་པ་རེད།དུས་དེ་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་འཛིན་གྱི་ས་ཁུལ་ཁག་ཡོངས་རྗོགས་རྒྱ་གཞུང་གི་ཐད་ཀར་དབང་བསྒྱུར་འོག་ཤོར་ཡོད་པ་དང་། བོད་དུ་དགའ་ཕོ་བྲང་ཞེས་པའི་མིང་དེ་གཏིང་ནས་མེད་པར་དུ་གྱུར་པ་རེད། འོན་ཀྱང་། དགའ་ལྡན་ཕོ་བྲང་གཞུང་གི་དབུ་ཁྲིད་རྣམས་ནི་ད་དུང་རྒྱ་གར་ཏུ་ཡོད་པས་ཁོང་ཚོས་བོད་རང་བཙན་སླར་གསོའི་ཁྱབ་བསྒྲགས་སྤེལ་ཡོད། དེ་ལྟར་ནའང་དོན་དུ་བོད་ཀྱི་འཛིན་སྐྱོང་ཡོད་དོ་ཅོག་སྔར་གུང་ཁྲན་གྱི་ལག་ཏུ་ཡོད་པས་དེ་ནི་རང་བཙན་སླར་གསོའི་སྒྲིག་འཛུགས་ཙམ་ལས་དོན་མཚན་ཉིད་ཚང་བའི་གཞུང་ཞིག་ལ་ངོས་འཛིན་བྱས་ཐབས་བྲལ། རྒྱུ་མཚན་ནི། རྒྱལ་ཁབ་སུ་ཞིག་གི་གཞུང་གང་ཞིག་ཡིན་ནའང་གཞུང་དེ་ནི་རྒྱལ་ཁབ་གོང་བུར་དབང་བསྒྱུར་བའི་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཡིན་དགོས་ཤིང་།རྡ་རམ་ས་ལའི་གཞུང་ལ་དེ་དག་གི་ཆ་རྐྱེན་མེད་པ་མ་ཟད།རང་ཉིད་ཀྱང་གཞན་ཡུལ་དུ་ཉེན་ཡོལ་ལམ་སྐྱབས་བཅོལ་དུ་འབྱོར་བའི་ཡུལ་གྱར་པ་ཡིན་པས་རེད། ཡིན་ནའང་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱལ་སྤྱི་ཚོགས་ཐོག་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་ཧ་ཅང་ཚགས་ཚུད་དང་ལམ་ལྷུང་བྱུང་ཡོད་ཅིང་།དེང་གི་དུས་འདིར་མི་སུས་ཀྱང་ཤེས་པའི་རྒྱལ་སྤྱི་རང་བཞིན་ཅན་གྱི་གནད་དོན་ཞིག་ཆགས་པ་དེའང་བཙན་བྱོལ་དུ་ཡོད་པའི་རྒྱལ་བ་རིན་པོ་ཆེ་དང་དེའི་གཞུང་གིས་ལས་དོན་གྱི་གྲུབ་འབྲས་ཉག་གཅིག་རེད། བོད་དོན་འདི་རྒྱལ་སྤྱི་ཅན་དུ་འགྱུར་བ་དེ་ནས་བཟུང་འཛམ་གླིང་གི་སྲིད་གཞུང་གང་མང་ཞིག་དང་བསྟུན་དགོས་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཞིག་ཏུ་ཆགས་ཤིང་དེ་དང་སྟབས་བསྟུན་རྒྱ་ནག་ཀྱང་ཉིན་རེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྣམ་པ་གསལ་བའི་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ཏུ་མཚར་ལོངས་བྱུང་ཡོད་པ་རེད། རྒྱ་ནག་གི་ཡར་རྒྱས་ནི་བོད་རང་བཙན་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཞིགརེད། གང་ལགས་ཤེ་ན། བོད་དོན་རྒྱལ་སྤྱིའི་སྤྱི་ཚོགས་དང་བསྟུན་ནས་ཐག་གཅོད་བྱེད་དགོས་ཤིང་། རྒྱ་ནག་སྟོབས་ཅི་ཙམ་རྒྱས་ན་དེ་ཙམ་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྟུན་དགོས་ངེས་ཆགས་པས་བོད་རང་བཙན་ནི་མི་སྲིད་པའི་ཚད་དུ་སླེབས་པ་རེད།རྒྱལ་བ་རིན་པོ་ཆེས་དོན་དེ་མཁྱེན་ནས་ཐུགས་རྒྱ་ཡངས་པོའི་སྒོ་ནས་བོད་རང་བཙན་རྩོད་ལེན་མི་བྱེད་པའི་ཕུགས་རྒྱང་རིང་བའི་ཆབ་སྲིད་ཀྱི་སྲིད་ཇུས་དེ་གཏན་ལ་ཕབ་ཡོད། ཡོངས་གྲགས་སུ་དབུ་མའི་ལམ་ཞེས་འབོད། དེ་ནས་བཟུང་རིམ་བཞིན་རྒྱ་ནག་དང་མཉམ་དུ་གྲོས་མོལ་ཐེངས་མང་བརྒྱུད་དེ་བོད་ཀྱི་གནད་དོན་ཐག་བཅད་བྱེད་པར་རེ་བཞིན་པ་རེ་བ་རྒྱག་ཡོད། ཡིན་ནའང་གུང་ཁྲན་གཞུང་འཛིན་པས་ད་དུང་མུ་མཐུད་དུ་སྲིད་ཇུས་མཁྲེགས་བཟུང་གིས་ཡ་ལན་སྤྲད་མེད་ཀྱང་དོན་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་བོད་མི་མང་ཆེ་བའི་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་པའི་སྲིད་ཇུས་གཅིག་པོ་དེ་ཆགས། པན་ཅིན་གཞུང་དང་མཉམ་དུ་གྲོས་མོལ་གྱི་བརྒྱུད་རིམ་ཐེངས་མང་བརྒྱུད་རྡ་རམ་ས་ལས་ངོས་ནས་བོད་དུ་མིང་དོན་མཚུངས་པའི་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་རེ་མདུན་བཏོན་ཡོད་པ་དང་། རྒྱ་གཞུང་ཕྱོགས་ནས་དེ་ལ་འགལ་རྐྱེན་གྱི་ཡི་མ་རང་བའི་རྣམ་འགྱུར་དང་ཡ་ལན་ཡང་སྤྲོད་བཞིན་ཡོད། བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་འདིར་ད་དུང་དོན་དངོས་ཀྱི་གྲུབ་འབྲས་སོན་མེད་ཀྱང་ཕན་ཚུན་ཕྱོགས་གཉིས་ཀྱི་དགོས་མདུན་ཁག་རྣམ་པ་ཇེ་གསལ་དང་ཁ་གཏིང་ཇེ་གསལ་དུ་བཏང་ཡོད། དེ་བཞིན་བོད་ཀྱི་བདག་དབང་དེ་རྒྱ་ནག་དབུས་གཞུང་ལ་ཡོད་པར་ཁས་བྱས་ཟིན་པ་མ་ཟད། བོད་གཞུང་ཞེས་པའི་མིང་འདི་ཡང་སྔོན་ནས་བརྗེ་བསྒྱུར་བྱས་མེད་ཀྱང་དོན་དུ་སྟོང་པར་གྱུར་ཟིན། གང་ཡིན་ཟེར་ན། ད་ལྟའི་དབུ་མའི་ལམ་གྱི་དགོངས་དོན་ནི་རྒྱ་ནག་དབུས་སྲིད་གཞུང་གི་འཛིན་སྐྱོང་འོག་ཤར་བསྐྱོད་བྱ་རྒྱུའི་སྲིད་ཇུས་ཡིན་པས་རེད། རྒྱལ་ཁབ་གཅིག་ལ་གཞུང་གཉིས་ཡོང་མི་སྲིད་པས་ཀྱང་རེད། ད་ལོར་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྗོགས་མི་དམངས་ཀྱི་འོས་འདེབས་བྱས་པའི་མི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ཡོད་པ་དང་འབྲེལ་ཡོད་ཀྱི་རྩ་ཁྲིམས་བསྐྱར་བཅོས་དགོས་པའི་བཀའ་ཡིག་བཞིན་བརྗེ་བསྒྱུར་བྱས་གྲུབ། དེ་དང་མཉམ་དུ་བོད་མི་མང་དག་ཅིག་ལ་ཚོར་ཤུགས་རྣོ་བའི་གནད་དོན་གཅིག་ནི་བོད་གཞུང་ཞེས་པའི་ཐ་སྙད་འདི་བསྒྱུར་ཡོད་པའི་ཐད་ཀྱི་བསམ་ཚུལ་དེ་རེད། ངས་བལྟས་ན། འདི་ནི་ཧང་སང་དགོས་པ་དང་ཧ་ལས་དགོས་པའི་གནད་དོན་ཅིག་གཏན་ནས་མིན། ད་ལན་བར་མིང་མ་བསྒྱུར་ནས་ཡོད་པ་ཙམ་ལས་དོན་དུ་མིང་འདིའི་དབང་ཆ་སྔར་ནས་རྩིས་སྤྲོད་བྱས་ཟིན། གོང་དུ་བཤད་ཟིན་པ་ལྟར། བོད་གཞུང་གི་གོ་དབང་༥༩ལོ་ནས་འཕྲོག་ཟིན་པ་དང་། རྡ་རམ་ས་ལའི་བོད་གཞུང་གི་མིང་དེའང་དབུ་མའི་ལམ་ཐོག་བསྐྱོད་པ་ནས་དོན་དུ་མི་གནས་པའི་མིང་སྟོང་ཞིག་ཏུ་ཆགས་ཟིན་པས་རེད། ད་ཐེངས་གི་འབྲེལ་ཡོད་ཀྱི་ཐ་སྙད་བརྗེ་སྤོ་དང་རྩ་ཁྲིམས་བསྐྱར་བཅོས་ནི་དབུ་མའི་ལམ་དང་མིང་དོན་མཚུངས་པའི་ལག་ལེན་ཁྲོད་ཀྱི་རྣམ་པ་གསལ་བོ་ཞིག་ཡིན་པ་མངོན་ཡོད་པ་ཡིན། དབུ་མའི་ལམ་གྱི་ཐོག་མཐའ་བར་གསུམ་དུ་ཚིག་དོན་ཁག་དང་མཐུན་ཞིང་དེ་རང་ཕྱོགས་ནས་ཡང་བསྐྱར་འཐབ་རྩོད་ཀྱི་གྲ་སྒྲིག་གསར་པ་ཞིག་དང་ཆབ་སྲིད་ཀྱི་ལག་ལེན་གལ་ཆེན་ཞིག་ཡིན་ངོས་འཛིན་ཞུ་བཞིན་ཡོད། གཞན་བོད་མི་ཁག་ཅིག་གིས་གཞུང་མིང་བརྗེ་བསྒྱུར་བྱེད་པ་ནི་ཆབ་སྲིད་ཀྱི་གཞི་འཛིན་ས་མེད་ཅིང་བོད་མིའི་ལ་རྒྱ་དང་བོད་ལ་འཛིན་པའི་འདུ་ཤེས་དང་སེམས་ཁམས་ལ་གནོད་པ་དང་འཚེ་བའི་སྐྱོན་དུ་བཤད་པ་ནི་ད་དུང་དབུ་མའི་ལམ་ལ་ལག་ལེན་གྱི་འདུ་ཤེས་མེད་ཅིང་སྔ་ཕྱིའི་ཆབ་སྲིད་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་ཞན་པ། བརྩེ་སེམས་མཚོན་ཐབས་གཅིག་པུའི་ཆབ་སྲིད་གཏན་ནས་སྐྱངས་ཐབས་མེད་པ་དེ་རེད། བདག་གིས་ནི་ད་ཐེངས་ཀྱི་རྡ་སའི་ཆབ་སྲིད་ཀྱི་འཕོ་འགྱུར་དེ་བོད་ཀྱི་ལོ་རྒྱུས་རིམ་བྱུང་ནང་དུ་བྱུང་མ་མྱོང་བའི་ཡར་ཐོན་དང་སྔོན་ཐོན་གྱི་བསམ་བློ་ཞིག་དང་། དེང་གི་ཆབ་སྲིད་གནས་བབ་དང་མཚམས་པའི་བརྒྱུད་རིམ་ཁྲོད་ཀྱི་ལག་ལེན་གལ་ཆེན་དུ་ངོས་འཛིན་བྱེད་ལ། རྗེས་སུ་ཡང་དེ་བསྟུན་གྱི་གྲ་སྒྲིག་འཐུས་ཚང་སྒོས་ལམ་དབུ་མའི་སྲིད་ཇུས་རྒྱུན་བསྐྱངས་དང་མགྱོགས་ནས་མྱུར་དུ་ལམ་ལྷུང་དང་གྲུབ་འབྲས་ཐོན་པའི་རེ་མདུན་ཅི་ནས་ཀྱང་ཆེ་བ་མ་ཟད། རྒྱལ་བ་རིན་པོ་ཆེ་བོད་ལ་མྱུར་དུ་ཆིབས་བསྒྱུར་གྱིས་བོད་ཀྱི་གནད་དོན་ཡོངས་སུ་སེལ་ཏེ་བོད་མི་རྣམས་རང་རང་གི་མི་ཚེ་རྒྱུན་ལྡན་བཞིན་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཤུགས་དྲག་དང་བཅས།།
