གཞན་གྱི་སྐད་ཡིག་ལ་དགའ་བའི་ང་ཚོ།

 

རྒྱུ་མཚན་རང་གི་མི་རིགས་ཀྱི་བླ་སྲོག་སྐད་ཡིག་ཡར་རྒྱས་འགྲོ་བའི་འགོག་རྐྱེན་དང་། རང་གི་བླ་སྲོག་སྐད་ཡིག་རྙོག་མ་ཅན་དུ་འགྱུར་བ་དང་། རང་གི་བླ་སྲོག་སྐད་ཡིག་ཉམས་རྒུད་རྩ་མེད་འགྲོ་བའི་རྩ་བར་འགྱུར་འགྲོ་གི་ཡོད་པ་རེད། ང་ཚོས་རིག་རིག་མཐོང་མཐོང་ལ་མཐའ་མཚམས་ཀྱི་བོད་རིགས་ཚོས་མི་རབས་ནས་མི་རབས་བརྒྱུད་སྐད་ར་མ་ལུག་ཁོ་ན་བེད་སྤྱོད་བྱས་སྟབས། ད་ལྟ་མི་རིགས་གཞན་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།

ང་ཚོས་ལོ་རྒྱུས་ལ་བལྟས་ན་སློབ་དཔོན་བཻ་རོ་ཙ་ན་ནི་བོད་མིར་གཞན་སྐད་ཐོག་ནས་མིང་བཏགས་པ་ཐོག་མ་དེ་རེད། མཐོན་མི་སམ་བྷོ་ཊ་ནི་ཕྱི་རབས་པས་བཏགས་པ་ཞིག་རེད། དེ་ནས་བཟུང་དགོས་མེད་ཀྱི་རྒྱ་གར་གྱི་སྐད་ཆ་རང་སྐད་ནང་འཛུལ་འགོ་ཚུགས་པ་དང། མཁས་པ་ཚོས་རང་མིང་དེ་རྒྱ་གར་གྱི་སྐད་དི་བསྒྱུར་ནས་བཀོད་སྲོལ་དར་ཡོད་ལ་རིམ་པས་རྒྱ་ནག་གི་སྐད་ཀྱང་འཛུལ་འགོ་ཚུགས། སོག་པོས་དབང་བསྒྱུར་ནས་སོག་སྐད་འཛུལ་འགོ་བརྩམས་པ་དང་། ལོ་བརྒྱའི་གོང་ནས་དབྱིན་སྐད་འཛུལ་འགོ་ཚུགས། དེ་བཞིན་བལ་པོའི་སྐད་སོགས་རང་གར་འཛུལ་བར་རང་རེས་བཀག་འགོག་བྱ་རྒྱུ་ཕར་ཞོག ང་ཚོས་དེ་བས་དགའ་ཐག་ཆོད་ནས་བདག་པོ་བརྒྱབ་ཡོད།

གཞན་གྱི་མི་མིང་དང་ས་མིང་སོགས་རང་བཅག་བེད་སྤྱོད་བྱེད་རྒྱུ་ལས་ཐབས་གཞན་མེད་རུང་། ངོ་ཚ་དགོས་པ་ནི་རང་སྐད་ལ་ཡོད་བཞིན་དུ་གཞན་སྐད་བེད་སྤྱོད་བྱེད་པའི་སྣང་ཚུལ་སྐྱོ་བོ་འདི་རེད། རང་སྐད་ནང་དུ་སྨན་པ་དང་ལྷ་རྗེ་འཚོ་བྱེད་སོགས་ཡོད་བཞིན་དུ་སོག་པོའི་སྐད་ཨིམ་ཆི་ཞེས་པ་གང་སར་བེད་སྤྱོད་གཏོང་བ་དང་། རང་སྐད་ནང་དུ་མིང་རྟགས་དང་ཞེ་ཚིག་མཚན་རྟགས་ཞེས་པ་ཡོད་བཞིན་དུ་དབྱིན་སྐད་ས་ཡིའི་ན་བེད་སྤྱོད་ཀྱིས་ས་རྟགས་དང་ས་ཡིག་བརྒྱབ་ཞེས་སྤྱོད་པ་དང་། རང་སྐད་ནང་ཚེས་ཞེས་པ་ཡོད་ཀྱང་དབྱིན་སྐད་ཏ་རི་བེད་སྤྱོད་པ་དང། རང་སྐད་ནང་དུ་སྒོར་མོ་ཞེས་པ་ཡོད་བཞིན་དུ་བལ་སྐད་པད་ཤག་ཅེས་བེད་སྤྱོད་པ་དར། དོན་དུ་པད་ཤག་ནི་སྒོར་ཟུར་གྱི་མིང་ལས་སྒོར་མོའི་མིང་མ་རེད། བྱེ་མ་ཀ་ར་ཡོད་བཞིན་དུ་ཅི་ནེ། ཚང་མ་ཡོད་བཞིན་དུ་པུ་ར། ལྷ་སའི་སྐུ་དྲག་གི་སྐད་ཆའི་ནང་གི་ཨི་ནེ་ཟེར་བ་དེ་ཡང་བལ་པོའི་མཐོ་རིམ་པའི་སྐད་ཆའི་འགྲོས་ཤིག་རེད།

ད་ལྟ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་གྱར་བའི་བོད་རིགས་ཚོས་ཉིན་རེར་བོད་སྐད་བཤད་སའི་འཁོར་ཡུག་མེད་པས་ཡིན་ནམ། གང་ལྟར་བོད་རིགས་ཕན་ཚུན་བར་ལ་ཡང་སྐད་ར་མ་ལུག་རྐྱང་ཤོད་ཀྱི་ཡོད་པ་འདི་རེད་ལ། མི་རབས་གསར་པ་མང་པོས་བོད་ཡིག་ཕར་ཞོག་བོད་སྐད་ཤེས་ཀྱི་མིན་འདུག བོད་ནང་དུའང་ལས་བྱེད་གཙོ་བོར་གྱུར་པས་བོད་སྐད་དག་པོ་ཞིག་ཤོད་མཁན་ཉིན་སྐར་ལྟར་གྱུར་འདུག ལྷག་ཏུ་གྲོང་ཁྱེར་དང་གྲོང་བརྡལ་དང་རྫོང་གྲོང་ཁག་ཏུ་ཉིན་བཞིན་བོད་སྐད་བེད་སྤྱོད་ཀྱི་འཁོར་ཡུག་ཇེ་ཆུང་ཇེ་ཆུང་འགྲོ་བ་དང་། གཞན་སྐད་བེད་སྤྱོད་ཀྱི་འཁོར་ཡུག་ཇེ་ཆེར་ཇེ་ཆེར་འགྲོ་བཞིན་འདུག ཐོག་མར་བོད་རིགས་ལས་བྱེད་པའི་ཁྲོད་དུ་སྐད་ར་མ་ལུག་དེ་དར་བ་དང་། རིམ་པས་གྲོང་ཁྱེར་ནང་དར་ནས་རྒྱ་སྐད་དང་བོད་སྐད་འདྲེས་པའི་སྐད་ཆ་བཤད་ན་རང་ཉིད་ཤེས་ཡོན་ཅན་དང་། འཇོན་ཐང་ཅན་ཡིན་པའི་ཉམས་སྟོན་གྱི་ཡོད། དེར་བརྟེན་རིམ་པས་གྲོང་བརྡལ་དང་རྫོང་གྲོང་བརྒྱུད་ཞིང་འབྲོག་མང་ཚོགས་ནང་དར་ཡོང་གི་ཡོད། རིམ་པས་སྒྲ་མ་དག་པའི་རྒྱ་སྐད་དང་བོད་སྐད་བསྲེས་པའི་ངན་སྐད་གྱི་ནད་ཡམས་གདུག་རྩུབ་ཅན་དེ་བོད་ཡོངས་ལ་འགོས་པ་རེད།

ད་ལྟ་འགོས་ནད་གདུག་རྩུབ་ཅན་དེ་ཚོད་འཛིན་བྱེད་ཐབས་བྲལ་བའི་སྐབས་སུ་སླེབས་ཚར་འདུག དེའི་རྟགས་ནི། ཉེ་དུས་ལྷ་སར་བོད་ཕྲུག་འགས་བོད་སྐད་ནང་རྒྱ་སྐད་ཚིག་གཅིག་འདྲེས་ན་སྒོར་ལྔ་ཆད་པ་གཅོད་རྒྱུ་བྱས་ཡོད། ཚང་མས་ཟབ་ཟབ་ཀྱིས་སྐད་ཆ་བཤད་ཀྱང་ཆུ་ཚོད་གཅིག་ནང་ལ་དངུར་སྒོར་ལྔ་བརྒྱ་ལོན་འདུག བོད་ལྗོངས་སློབ་ཆེན་གྱི་འཛིན་གྲྭ་གཅིག་གི་བོད་རིགས་ཚོས་ཁོང་ཚོའི་བར་བོད་སྐད་ཁོ་ན་བཤད་རྒྱུའི་དམ་བཅའ་ཞིག་བཞག་པ་རེད། དམ་བཅའ་དེ་ཟླ་བ་གཅིག་མ་ཟིན་ཙམ་ལས་མ་འཁྱོལ་བ་རེད། བོད་ལྗོངས་སློབ་ཆེན་གྱི་མཁས་དབང་ཞིག་གིས་གྲྭ་པ་བཅུ་ཕྲག་ཞིག་ལ་བོད་ཀྱི་རིག་གནས་དང་སྐད་ཡིག་གཅེས་འཛིན་སྐོར་གསུངས་པ་རེད། ཁོང་ཚོས་གཟབ་གཟབ་ག་ཚོད་བྱས་ཀྱང་རྒྱ་སྐད་ནང་ཤོར་འགྲོ་གི་ཡོད་པ་རེད། ད་ལྟ་བོད་ལྗོངས་སུ་གཞུང་འབྲེལ་ཚོགས་འདུ་ཆེ་ཆུང་གང་འདྲ་ཞིག་ཡིན་ཀྱང་རུང་རྒྱ་སྐད་ཐོག་ནས་བཤད་པ་མ་ཟད། བོད་རིགས་རྐྱང་རྐྱང་ཡིན་རུང་རྒྱ་སྐད་ཐོག་བཀའ་མོལ་གསུང་སྲོལ་དར་ཡོད་པ་རེད།

བོད་རིགས་རྐྱང་ཡིན་རུང་གལ་ཏེ་བོད་སྐད་བཤད་ན་ཉེས་ཆད་གཏོང་གི་ཡོད་པ་ལྟར་བོད་སྐད་ཚིག་གཅིག་ཐོན་མ་ཤོར་བ་བྱེད་ཀྱི་ཡོད། དེ་འདྲ་མཐོང་དུས་བོད་སྐད་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་དང་ཚགས་པར་ནི་ཞིང་འབྲོག་མང་ཚོགས་ཀྱི་ཆེད་དུ་གཉེར་བ་ཡིན་གསུངས་པ་དེ་ལ་རྒྱུ་མཚན་འདུག་སྙན། དེ་བས་ཀྱང་མཚོ་སྔོན་དང་སི་ཁྲོན་ཁུལ་གྱི་བོད་རིགས་དང་། དེ་བས་ཀན་ལྷོ་དང་ཡུན་ནན་ཁུལ་གྱི་བོད་རིགས་ཀྱི་སྐད་ཆ་ནི་བོད་སྐད་དག་མ་སྨྲ་བའི་ཁོར་ཡུག་མེད་པས་ཡིན་ནམ། གང་ལྟར་སྐད་ར་མ་ལུག་ཡིན་པར་གྱུར་དང་འགྱུར་བཞིན་འདུག བོད་ཀྱི་སྐད་ཡིག་གཅེས་འཛིན་གྱི་སྐད་འབོད་ཅི་ཙམ་རྒྱབ་ཀྱང། གང་ལྟར་བོང་བུའི་རྣ་བར་གསེར་བླུག་པ་པ་དང་ཆ་རེད། འདི་ནི་ཕྱི་རྐྱེན་ཡོད་རུང་། གཙོ་བོ་ནང་རྐྱེན་བོད་རིགས་ཚོས་རང་མི་རིགས་ལ་ཤ་ཚ་མེད་པར་ཐུག་ཡོད། བོད་ཀྱི་སྐད་ཀྱིས་ལྟོ་མ་རེག་པའི་གཏམ་འཆལ་ད་ལྟ་སློབ་ཆེན་ཁག་ནང་གནས་པ་འདི་ཡང་དུག་རྩ་ཞིག་མ་རེད་དམ། སྐད་ཡིག་གི་སྐོར་ཁོ་བོས་གཞན་དུ་ཡང་མང་པོ་གླེང་བའི་དོན་ཡང་འདི་ལ་ཐུག་ཡོད། ཡོ་རོབ་ལ་མཚོན་ན། སི་ཕེན་ཡ། ཧྥ་རན་སི། འཇར་མན་སོགས་ས་ཆའི་རྒྱ་ཁྱོན་བོད་ལས་ལྡབ་ཁ་ཤས་ཀྱི་ཆུང་བ་ཤ་སྟག་ཡིན་རུང་། སོ་སོའི་ལུང་པའི་ནང་དུ་མི་རིགས་གཞན་གྱི་སྐད་ཆ་བེད་སྤྱོད་བྱ་མི་ཆོག་པའི་ཁྲིམས་ཡོད་ལ། ཤར་ཕྱོགས་ཉི་ཧོང་བ་ཚོས་ཀྱང་ཕྱི་མི་ཐུག་དུས་ཕྱི་སྐད་སྤྱོད་པ་ཙམ་ལས་ནང་དུ་ཕྱི་སྐད་ཀྱི་སིམ་འཛུལ་དང་བཙན་འཛུལ་བྱེད་བཅུག་གི་མེད། ཁོ་ཚོར་མི་རིགས་ཀྱི་ལྟ་བ་ཡོད་པས་མ་ཚད། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་དངོས་ཡིན་པའི་ངོས་འཛིན་ཚང་མས་ཐོབ་པ་དང། ཚང་མར་རང་མི་རིགས་ཀྱི་བླ་སྲོག་ལ་གཅེས་འཛིན་གྱི་བསམ་བློ་བརྟན་པོ་ཡོད་པ་ཤེས་ཐུབ། ཁོང་ཚོ་དང་ང་ཚོ་མི་ཡིན་པ་དང་དུས་རབས་གཅིག་ཡིན་རུང་བསྡུར་ན་ང་ཚོ་ཅི་འདྲ་ཆགས་འདུག ཡང་སྙིང་མི་རེད་དམ། སེམས་ལྡན་གྱི་མི་ཡིན་ནམ།

གསལ་བཤད༽ གོང་གི་རྩོམ་ཡིག་དེ་ནི་གཞིས་ལུས་བོད་ཀྱི་རྩོམ་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་དེབ་༼བོད་རེ་བ་ཅན་༽ཞེས་པ་དེ་ནས་བཏུས། དེབ་དེར་སྤྱི་ཚོགས་ནང་གི་དགེ་སྐྱོན་གསལ་བར་དཔྱད་བསྡུར་བྱས་ཏེ་བརྗོད་གཞི་ མི་འདྲ་བའི་ཚན་པ་དྲུག་བཅུ་ར་དྲུག་དཔྱད་བརྗོད་མཛད་པའི་ཕྱག་དེབ་ཞིག་རེད། ཁོང་ནི་མི་རིགས་ཀྱི་ལ་རྒྱ་ཅན་ཞིག་དང་རིག་གཞུང་ལ་དུང་ཞེན་ཆེ་བ་འདས་མ་ད་གསུམ་གྱི་སྤྱི་ཚོགས་ཀྱི་སྐྱོན་ཡོན་ལ་གཟུར་པོར་གནས་པའི་ངང་དཔྱད་པ་བྱེད་པའི་སྙིང་སྟོབས་ཅན་ཞིག་ཡིན། ཕྱོགས་གཅིག་ཁོ་ན་ལས་མི་མཐོང་བའི་ང་དང་ང་དང་འདྲ་བའི་དྲྭ་གྲོགས་ཚོར་ཐུགས་ཕན་གསེལ་རེས་ཕྲན་ནས་འདིར་འདྲེན་པ་ཡིན།