མིག་དཔེ་བཟང་པོའི་བྱས་རྗེས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ།

དེ་ཡང་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ནས་གནས་ཚུལ་བཏང་བའི་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་སཱི་ཡ་ཏིལ་(Seattle)དུ་གནས་སྡོད་བསྟན་འཛིན་ནོར་འཛོམས་ལགས་དང༌། ཁོང་གི་སྐུ་ཟླ་ཁུ་ཝང་བྷུཡི། གྲོགས་པོ་སྐུ་ཞབས་ཊིམ་ཧྥི་དམ་དང་ལྕམ་བྷེ་ཊི་ཧྥི་དམ། གཞན་ཡང༌ལྕམ་སཱུ་ཛི་ཁེན་ཊོར་དང༌། སྐུ་ཞབས་ཌེ་རིག་ལྗོན་སོན། བཅས་ནས་(Dreams for Tibet)བོད་དོན་ལ་རྨི་བ་(ཕུགས་བསམ་)ཞེས་པའི་མཐུན་ཚོགས་ཤིག་གོ་སྒྲིག་གནང་སྟེ།  ཕྱི་ལོ་ ༢༠༡༡ ཟླ་ ༤  ཚེས་ ༣༠  ཉིན་ཁོང་རྣམས་དང་དངས་བླངས་མི་སྣ་ཁག་ཅག་གིས་སིཊི་ཕེནསི་ཅཱརཅི་ཟེར་བའི་(St Stephen’s Episcopal Church)ཡེ་ཤུའི་ལྷ་ཁང་གི་ཚོགས་ཁང་སྟེང་ཤོད་དང་ཕྱི་ནང་ཡོངས་རྫོགས་ལ་ཚོན་སྣ་ལྔ་ལྡན་གྱི་དར་ཕྲེང་སོགས་རྒྱས་སྤྲོས་སྒྲིག་གཤོམ་བྱས་པའི་ཐོག སྐུ་མགྲོན་མི་གྲངས་སུམ་བརྒྱ་ཙམ་ལ་བསྟན་འཛིན་ནོར་འཛོམས་ལགས་ཀྱི་ཡབ་འཕན་པོ་ཚེ་རིང་ལགས་དང་ཡུམ་ཕ་རི་ཨོ་རྒྱན་སྒྲོལ་མ་ལགས་སོགས་བོད་མི་ཁག་ཅིག་གིས་བཟོས་པའི་བོད་ཟས་གསོལ་སྟོན་གྲ་རྒྱས་བཤམས།

dreams for tibet team membersམཛད་སྒོའི་ཐོག་མར་ལྷ་ཁང་གི་འགན་འཛིན་སི་ཊི་གྷི་ནི་པར་ཁཱར་གྱིས་སྐུ་མགྲོན་རྣམས་ལ་དགའ་བསུ་དང༌། མཁན་པོ་བྱམས་པ་ལགས་ནས་ཞལ་འདོན་བསྐྱོར་བའི་རྗེས་བོད་ཕྲུག་རྣམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང༌བ་དང༌གཞས་སྣ་འཁྲབ་སྟོན་བྱས། སྐུ་ཞབས་ཁུ་ཝང་བྷུ་ཡི་ནས་བརྙན་པར་གྱི་ལམ་ནས་སྔ་ལོའི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས་ཨ་རིའི་བོད་ཀྱི་ཐེབས་རྩའི་འགན་འཛིན་རིན་ཆེན་དར་ལོ་ལགས་ནས་ཐེབས་རྩའི་ལས་དོན་སྐོར་གསུང་བཤད་དང༌གློག་བརྙན་སྙིང་བསྡུས་གཟིགས་འབུལ་ཞུས་རྗེས་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་བསྒྲོན།

དེ་ནས་སྐུ་མགྲོན་ཡོངས་རྫོགས་སྟེང་ཐོག་གི་ལྷ་ཁང་ཆེན་མོའི་ནང་ཕེབས་ཏེ། རོལ་དབྱངས་པ་གྲགས་ཅན་ངག་དབང་མཁས་མཆོག་ལགས་གཙོས་ཨ་རི་བ་རོལ་གཞས་མཁས་པ་ཇཱི་ན་ས་ལ་དང༌། མེརི་མེག་ནིཡེལ།  གྷེརི་སིཊོརོསེཊོསི། ཌེཝིཌི་ རེཝེ་ལི་བཅས་ནས་རོལ་གཞས་བཏང་།  དེ་ཉིན་གསོལ་སྟོན་གྱི་ཡོང་འབབ་དང་། ཚོང་ཁང་། ཟ་ཁང༌སོགས་དང་། མི་སྣ་ཁག་གིས་རྒྱན་གོས་དང་དཔེ་དེབ་སོགས་ཅ་དངོས་སྣ་གྲངས་ ༡༡༠ ཞལ་འདེབས་བྱུང་བ་རྣམས་རིན་གོང་བསྡུར་ཚད་ཀྱི་ཚོང་བསྒྱུར་བྱས་ཏེ་ཁྱོན་ཨ་སྒོར་ཁྱོན་ ༡༤༥༠༠ བསྡུ་འགོད་ཐུབ་པ་ཆ་ཚང་བོད་ཀྱི་ཐེབས་རྩ་ཁང་དུ་འབུལ་གཏོང་གནང་རྒྱུ་ཡིན་པ་ལྟར་རིང་མིན་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་ཕྲུག་གི་ཤེས་ཡོན་དང་འབྲེལ་ཆགས་དམིགས་བསལ་ལས་འཆར་ཐོག་རོགས་རམ་ཞུ་རྒྱུའི་འཆར་འགོད་ཞུ་བཞིན་པ་རེད།

གོང་བཞིན་ཁོང་རྣམས་ཀྱིས་སྔ་ལོ་ ༢༠༡༠ ཟླ་ ༥  ཚེས་ ༨  ཉིན་ལྷ་ཁང་དེ་རང་དུ་བོད་ཟས་གསོལ་སྟོན་བཤམས་ཏེ། ཟློས་དགེ་ཟུར་པ་འབའ་པ་ཚེ་རིང་རྡོ་རྗེ་ལགས་དང་བུ་ཕྲུག་འགའ་ཤས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་དང༌གར་འཆམ།  ཨ་རི་བ་གྲགས་ཅན་རོལ་གཞས་མཁས་པ་ཇཱི་ན་ས་ལ་དང༌། མེརི་མེག་ནིཡེལ། གྷེ་རི་སིཊོརོསེཊོསི། ཌེཝིཌི་ རེཝེ་ལི་བཅས་ནས་རོལ་གཞས་བཏང་སྟེ་ཁྱོན་ཨ་སྒོར་༡༡༡༦༩ འདུ་འགོད་གནང་འདུག་པ་ཚང་མ་བོད་ཀྱི་ཐེབས་རྩ་ཁང་དུ་བསྩལ་སོན་བཞིན། དེ་དག་གི་ཁོངས་ནས་ཨ་སྒོར་ ༥༠༠༠ ཐམ་པ་བལ་ཡུལ་མཆོད་རྟེན་དུ་སྲོང་བཙན་བལ་བཟའ་སློབ་གྲྭར་ལུང་པའི་གནས་སྟངས་སྤྱི་མཚུངས་ཉིན་ལྟར་གློག་མེད་པར་ཆུ་ཚོད་༡༢ ནས་ ༡༤ བར་ནག་ཁུངས་ནང་སྡོད་དགོས་པས། བུ་ཕྲུག་རྣམས་ཀྱི་ཤེས་ཡོན་ལ་གནོད་ཚབས་ཆེ་བར་བརྟེན། དཀའ་ངལ་སེལ་ཆེད་དུ་བཏང་སྟེ་སློབ་གྲྭ་དེའི་ཕྲུ་གུའི་ཉལ་ཁང་དང༌། འཛིན་ཁང་། དགེ་རྒན་གྱི་ལས་ཤག་བཅས་པར་ཉི་གློག་ཚད་ལྡན་གསར་ཁྲིད་བྱས་པ་དང༌།  ཨ་སྒོར་༥༠༠༠ ཐམ་པ་བལ་ཡུལ་མཆོད་རྟེན་ཉེ་འཁོར་ཚེ་རིང་རྒས་གསོ་ཁང་དུ་བཏང་སྟེ། གོང་བཞིན་ཉི་འོད་གསར་ཁྲིད་ཞུས་ཏེ། སློབ་ཕྲུག་རྣམས་ཀྱིས་གློག་ཆད་པའི་དུས་སྐབས་སུ་སློབ་སྦྱོང་བར་མཚམས་འཇོག་མི་དགོས་པ་དང༌། རྒས་ཁོག་རྣམས་གསང་སྤྱོད་ལ་འགྲོ་བའི་སྐབས་ནག་ཁུང་ནང་སྦར་ཉུལ་རྒྱག་མི་དགོས་པར་བློ་བདེའི་ངང་འགྲོ་ཐུབ་པ་བཅས་རོགས་དངུལ་མིག་སྨན་མིག་ཕན་བྱུང་ཞིང༌།  ཁོང་རྣམས་ནས་སྐུ་ངལ་ཁྱད་བསད་ཀྱིས་ལོ་གཉིས་ནང་ཁྱོན་ཨ་སྒོར་ ༢༥༦༦༩ བསྡུ་འགོད་གནང་ཐུབ་པ་ནི་མིག་དཔེ་བཟང་པོའི་གྲུབ་འབྲས་ཤིག་ཡིན་པར་བརྟེན་བོད་དོན་ལ་རྨི་བའི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང༌། དངས་བླངས་མཐུན་འགྱུར་གནང་མཁན་ཡོངས་ལ་སླར་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ནས་གནས་ཚུལ་སྤེལ་ཡོད་པ་རེད།།

{jcomments on}