ཏཱ་ལའི་ཁ་བྲལ་གཏམ་བརྗོད་འཚོ་གནས་ཐུབ་པའི་ཁྱབ་ཁོངས་རྒྱ་བསྐྱེད་པའི་རྒྱུ་རྐྱེན།
རྒྱ་གར་བུ་ཕྲུག་གི་མིང་ཙམ་འཛིན་པ་གང་དེས་སླར་ཡང་བློ་དཀར་བའི་སྐད་ཆ་འདི་འདྲ་བཤད་འདུག ལོ་རྒྱུས་ཀྱི་རྒྱུན་ཤེས་མངའ་བའི་མི་རྣམས་ཀྱིས་ཤེས་སྲིད་པ་ནི། བོད་ལྗོངས་ནི་གནའ་ནས་ད་ལྟའི་བར་དུ་ཀྲུང་གོའི་མངའ་ཁོངས་དང་འབྲལ་ཐབས་མེད་པའི་ས་གནས་ཤིག་ཡིན། བོད་མི་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་གི་གཅིག་ཡིན། ལོ་ངོ་སྟོང་ཕྲག་རིང་ལ། བོད་མི་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ཁྲོད་ཀྱི་མི་རིགས་གཞན་དང་ལྷན་དུ་མེས་རྒྱལ་གྱི་ས་ཆེན་པོའི་སྟེང་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་ལོ་རྒྱུས་གསར་གཏོད་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་གསར་གཏོད་བྱས། ཡིན་ན་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དང་དེའི་རྗེས་འབྲངས་པ་རྣམས་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་ལ་མི་བལྟོས་པར། མེས་རྒྱལ་ཁ་བྲལ་དང་། ཀྲུང་ཧྭར་རྒྱབ་འགལ་བྱེད་པའི་ལས་དེ་ཚེ་གང་གི་ཕུགས་བསམ་ཞིག་ཏུ་བརྩིས་ཏེ། ནུབ་ཕྱོགས་ཀྱི་ཀྲུང་རྒོལ་སྟོབས་ཤུགས་ཀྱི་སྐུལ་སློང་འོག ཡང་དང་ཡང་དུ་ཀྲུང་གོ་ཁ་བྲལ་དུ་གཏོང་བའི་རྫུན་གཏམ་དང་འཆལ་གཏམ་ཕྱོགས་བཞིར་གཏོར། ཀྲུང་གོ་ཉིད་རྒྱུན་ཆད་མེད་པར་བསྡམས་གློད་དང་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། བོད་ལྗོངས་དེ་ཉིད་ཀྲུང་གོའི་མངའ་ཁོངས་དང་འབྲལ་ཐབས་མེད་པའི་ལོ་རྒྱུས་དང་དོན་དངོས་དེ་འཛམ་གླིང་གི་མི་སྔར་ལས་མང་པོ་ཞིག་གིས་ཤེས་རྟོགས་དང་ངེས་ལེན་བྱེད་ཀྱིན་ཡོད། ཁོ་ཚོས་གང་སར་བསྒྲགས་པའི་རྫུན་གཏམ་དེ་ཡང་གཅིག་གཅིག་གཉིས་གཉིས་བྱས་ནས་མཚང་བརྟོལ་བ་རེད། དེར་བརྟེན་ཏཱ་ལའི་སོགས་ཀྱི་འཚོ་གནས་ལ་སྔར་མེད་པའི་གནོན་ཤུགས་ཆེན་པོ་ཐེབས་ཡོད། ལོ་བཅུ་ཕྲག་ཚུན་དུ་ཁོ་བོས་མེས་རྒྱལ་ཁ་བྲལ་གྱི་ངན་ཇུས་རྒྱུན་བསྐྱངས་པར་ཕམ་ཉེས་མི་འབྱུང་བའི་ལས་དབང་བསྒྱུར་ཆེད། ཏཱ་ལའི་ཡིས་ཡང་བསྐྱར་ཁ་ཡག་ངོ་བསྟོད་དང་ཉམ་ཆུང་བའི་ཐབས་ལ་བརྟེན་ནས་འཛམ་གླིང་གི་ཀྲུང་རྒོལ་སྟོབས་ཤུགས་ལ་མཁོ་བའི་རྫུན་གཏམ་ཕྱོགས་བཅུར་གཏོར་ནས་གླེང་བརྗོད་དང་ནོར་ཤུགས་ཐད་ནས་རྒྱབ་སྐྱོར་ཐོབ་ཅི་ཐབས་མི་བྱེད་ཀ་མེད་ཡིན། ཡིན་ན་ཡང་ཏཱ་ལའི་འཁོར་གྱིས་ཅི་ལྟར་འཁྲབ་སྟོན་བྱས་ཀྱང་། ཀྲུང་གོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་དོན་དངོས་དེ་བསྒྱུར་ཐབས་མེད། དུས་ཡུན་རིང་བོར་རྒྱ་རིགས་དང་བོད་རིགས་སོགས་མི་རིགས་༥༦མཉམ་གཅིག་ཏུ་དར་ཞིང་འཕེལ་བའི་བརྒྱུད་རིམ་ནང་དུ་མཉམ་གཅིག་ཏུ་མེས་རྒྱལ་གྱི་མངའ་ཁོངས་རྒྱ་བསྐྱེད་པ་དང་། མཉམ་གཅིག་ཏུ་མེས་རྒྱལ་གྱི་ས་ཆེན་སྟེང་དུ་ཀྲུང་ཧྭའི་རིག་གནས་ཀྱི་ལོ་རྒྱུས་ངོ་མ་གསར་གཏོད་བྱས། ལོ་རྒྱུས་ལ་བལྟས་ན། མི་སྒེར་རམ་ཚོགས་པ་གང་ཞིག་གིས་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་ངན་ཇུས་ཡོད་ཚད་དོན་སྨིན་འབྱུང་མི་ཐུབ། དེ་ནི་ཐེངས་གང་མང་ཞིག་གི་བདེན་དཔང་ལས་ཤེས་ཐུབ། སྨྱུག་ཐོགས་པས་བསམ་པར། ནུབ་ཕྱོགས་རྒྱལ་ཁབ་དང་ཀྲུང་རྒོལ་སྟོབས་ཤུགས་ཀྱིས་ཏཱ་ལའི་ཡིས་བོད་རང་བཙན་གྱི་གླེང་བརྗོད་སྣ་ཚོགས་བཀྲམས་པར་སྐུལ་མ་རྒྱུན་ཆད་མེད་པ་བྱེད་པའི་དམིགས་ཡུལ་གཙོ་བོ་ནི། ཏཱ་ལའི་ཡི་ཆོས་ལུགས་གཙོ་འཛིན་གྱི་ཐོབ་ཐང་དང་མཚན་སྙན་ལ་བརྟེན་ནས་ཀྲུང་གོའི་བོད་ཁུལ་དུ་དཀྲོགས་རྐྱེན་བཟོ་བ་དང་རྙོག་འཛིང་ཅན་དུ་བཏང་སྟེ། ཀྲུང་གོ་ཞི་བས་དར་རྒྱས་ཡོང་བར་བཀག་སྐྱིལ་བཟོ་ཆེད་ཡིན། ཏཱ་ལའི་ཡིས་བོད་རང་བཙན་གྱི་གླེང་བརྗོད་མུ་མཐུད་ནས་གང་སར་བསྒྲགས་པ་ནི། གཅིག་ནས་རྒྱལ་ནང་གི་བོད་ཁུལ་གྱི་ཁ་བྲལ་ལ་ཤུགས་རྒྱག་པ་དང་། ཁོ་ཚོ་དང་མཉམ་དུ་ཆོས་ལུགས་གཙོ་འཛིན་པས་བོད་རང་བཙན་ལ་རེ་བའི་འདུན་པ་དོན་སྨིན་ཡོང་བ་བྱེད་དུ་འཇུག་རྒྱུ་དང་། ཀྲུང་གོའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ། བརྟན་བརླིང་ལ་གཏོར་བརླག་འབྱུང་དོགས་ཀྱི་ཕངས་སེམས་མེད་པར། དོན་རྐྱེན་བཟོ་བ་དང་། ནུབ་ཕྱོགས་སྟོབས་ཤུགས་དང་བསྟུན་ནས་ཏཱ་ལའི་ཡི་རྒྱལ་སྤྱིའི་ཐོབ་ཐང་ཇེ་མཐོར་གཏོང་བ་ཡིན། གཉིས་ནི་བོད་རང་བཙན་གྱི་གླེང་བརྗོད་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་དཔྱད་གཏམ་ལ་རྒྱབ་སྐྱོར་ཐོབ་ཏུ་འཇུག་པ་དང་། དེར་བརྟེན་ནས་རང་ཉིད་དང་རྗེས་འབྲངས་པ་རྣམས་ཀྱི་རྒྱལ་ཕྱིའི་འཚོ་གནས་རྒྱ་བསྐྱེད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ས་ནས་རང་ཉིད་ལ་དཔལ་འབྱོར་ཐད་ཀྱི་རྒྱབ་སྐྱོར་ཐོབ་པའི་ཐབས་ཇེ་མང་དུ་བཏང་བ་ཡིན། ཏཱ་ལའི་མི་སྒེར་དང་ཁོའི་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་སྐོར་ལ། ཞང་ཀང་གི་《མེ་ལོང་ཚགས་པར》སྟེང་དུ་བཀོད་དོན། བོད་ཀྱི་ཆོས་ལུགས་དང་མང་ཚོགས་ཀྱི་གཙོ་འཛིན་ཡིན་པའི་ཆ་ནས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བའི་གོ་ས་འདི་ནི་ཐོག་མ་ནས་ཆབ་སྲིད་ཀྱི་གོ་གནས་ཤིག་ཡིན། ཏཱ་ལའི་བླ་མ་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་ཉིན་དེ་ནས་བཟུང་། ཕྱིར་ལོག་ཐབས་མེད་པའི་ལམ་དུ་ཞུགས་པ་ཡིན། དེའི་རྐྱེན་གྱིས་སྨྱུག་ཐོགས་པས་བསམ་པར་ཏཱ་ལའི་བླ་མ་དང་དེའི་རྗེས་འབྲངས་པ་རྣམས་ནི་ནུབ་ཕྱོགས་དགྲ་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོར་ངོ་རྒོལ་བྱེད་པའི་རྡེའུ་ཙམ་ཡིན། གལ་སྲིད་བེད་སྤྱོད་ཀྱི་རིན་ཐང་མེད་གྱུར་ཚེ། འཕོངས་ཕྱིས་ཀྱི་རྡོ་བཞིན་འདོར་བར་སྲིད། དེ་བས་ཏཱ་ལའི་བླ་མར་གསལ་འདེབས་བྱེད་རྒྱུ་ཞིག་ནི་རང་ཉིད་ཀྱི་ལས་དབང་ནུབ་ཕྱོགས་པའི་སྐེད་དུ་མ་འཆང་ལ། ནུབ་ཕྱོགས་དགྲ་ཕྱོགས་སྟོབས་ཤུགས་ཀྱི་དགོས་མཁོའི་ཆེད་དུ་མེས་རྒྱལ་ཁ་བྲལ་དང་མི་རིགས་ལ་རྒྱབ་འགལ་བྱེད་པའི་ལམ་འཕྲང་དུ་རིང་དུ་མ་ཞུགས་ཤིག།
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དཔྱིད་རླུང་། སྤེལ་དུས། 2011-06-16