ཞབས་རྗེས་གསོན་པོ།

 

རྩམ་སྐྱས་ལྟོ་བར་བགྲང་བའི་གྲོག་རོང་ནས།།

ཞུམ་མེད་རིག་པ་སྒམ་པའི་རྐང་བྲོ་འཁྲབ།།

གཉིད་དང་རྨི་ལམ་དབྱིངས་པའི་དགོང་སྲོལ་དེར།།

ནོར་གྱི་ངོ་སོ་ཆོད་པའི་རིག་པ་འཁྲུངས།།

དཔྲལ་བས་ས་རྡུལ་འཕྱག་པའི་གྲལ་རིམ་གསེབ།།

རུས་རྐང་བཞུར་མས་སྤོར་བའི་སྙིང་སྟོབས་སྒྲོན།།

ཉིན་མཚན་ངལ་བ་སྤུངས་པའི་གཏམ་རྒྱུད་ཁྲོད།།

རེ་བའི་མིག་འབུར་དོད་ས་ལྷ་ལྡན་ཞིང་།།

རིགས་རུས་སེམས་པ་སྨག་གིས་བཟུང་ཉིན་མོར།།

ཤ་ཚུགས་དག་མོའི་དཀྱིལ་འཁོར་རྨང་ནས་བཞེངས།།

རྟེན་འབྲེལ་ཐིག་ལ་གཞལ་བའི་སྒྲུབ་ཕྱོགས་ནས།།

གནས་ལུགས་རྗེན་པར་ལྟ་བའི་ཁམ་ལོང་བྲལ།།

སེམས་ཀྱི་ཁྲིམས་ལུགས་མཐུན་པའི་ལྟ་སྤྱོད་གཙང་།

རོང་སྟོད་གླེགས་བམ་བརྩིགས་པའི་ཕྱག་རྒྱ་འཁྲུངས།།

གོམ་ཐང་ཞབས་ཀྱིས་གཞལ་བའི་རྐང་ལམ་ན།།

རྡོག་ཁྲེས་ལྕགས་ཀྱི་རི་བོའི་བྲོ་བ་མྱོངས།།

རྒྱ་ཕིབས་གསེར་གྱི་འོད་མདངས་འཚེར་བའི་ཞིང་།

རིག་པའི་རྣོ་ངར་འགྲན་པའི་སྒྱུ་རྩལ་བས།

ཞབས་རྗེས་གངས་ལ་དཔར་བའི་གཟེངས་ཐོན་པ།།

མདོ་ཁམས་རིག་པའི་སྒྲོན་མེ་མཚན་གྱིས་བསྟོད།།

རང་སར་བྱད་ཀ་སྤུངས་བའི་དུས་འགྱུར་ཀློང་།

གནམ་གྱི་ཀླན་ཀས་ས་ཆེན་མི་ཐེགས་སྟབས།།

ཀུན་རྟོག་རི་མོ་འཆབ་པའི་སྔར་གཞུག་ཏུ།།

ངེས་མེད་བརྟུལ་ཞུགས་གསང་བའི་རྣམ་ཐར་སྐྱོངས།།

ཐོས་དོན་རིག་པ་སྒུམ་པའི་དཀའ་སྤྱོད་ཀྱིས།།

ཡངས་པའི་ས་ཆེན་འཁྱུད་པའི་གྲགས་པ་འབར།།

ཐུགས་ཀྱིས་སྙོར་བའི་སློབ་བུ་མཚན་ཅན་གྱིས།།

རིག་པའི་ས་ཆེན་བསྐྲུན་པའི་ཁོར་ཡུག་རྨད།།

དུས་འགྱུར་གནམ་སར་གཡོ་བའི་ཡོ་ལང་གིས།།

རུས་རྐང་ཤ་ཚུགས་དག་མོའི་སྲོག་མཁར་ཞིག།

ངུར་སྨྲིག་མདངས་ཀྱིས་འཁྱིག་པའི་ཐུ་འོག་ནས།།

སྟོན་པའི་དབུ་ཡི་མཚན་དཔེར་གསེར་གྱིས་འབྱུག།

མདུན་སོར་མེ་ཏོག་བཞད་པའི་ལམ་བུ་རུ།།

འོད་ཀྱིས་ཁ་ལོར་བསྒྱུར་བའི་བསམ་བློ་བ།།

རྨི་ལམ་ཕ་རོལ་འགྲེལ་བའི་ས་ཚིགས་ནས།།

རིས་མེད་གྲུབ་མཐའི་གླེགས་བམ་ཆུ་བཞིན་བྱོ།།

གྲྭ་རྐྱང་འཚོ་བར་བརྒྱུད་པའི་རྣལ་འབྱོར་བ།།

འཇིག་རྟེན་ས་མཚམས་བཀར་བའི་རི་ཁྲོད་པ།།

སྒོ་གསུམ་བག་ལ་སྦྱོར་བའི་བྱ་བཏང་བ།།

འོད་སྣང་ཐིམ་བའི་ཚུལ་འདིས་ཁོག་པ་སྐྱོ།།

ཀུན་སྙོམས་ཐུགས་ཀྱིས་གཞལ་བའི་ལྟ་ཕྱོགས་དང་།

རྒྱལ་སྲས་ལག་ལེན་འཚང་བའི་འཁྲེང་ཞེན་གཉིས།།

མཐུན་སྣང་གོར་བུར་སྒྲིལ་བའི་མཛད་བྱུས་སོགས།།

མཆོག་གི་མཛད་པའི་མཐིལ་ནས་ལྷག་མེར་འཚེར།།

འབོད་སྟངས་ཤིག་གིས་སྙེག་པའི་འབྲོག་དགོན་པ།།

མིག་ཟུང་གླེགས་བམ་འཁྱུད་པའི་དགེ་སློང་ཞིག།

གལ་ཏེ་དཀོར་ནག་ལྟོ་བར་རྒྱངས་ཙམ་ལས།།

འདི་འདྲའི་མཁས་དབང་སུ་ཞིག་ཡོད་མི་སེམས།།

ངུར་སྨྲིག་སེམས་པས་གཡའ་བའི་ཁུགས་སོ་ནས།།

ཕ་མ་ངོ་ནོར་ཐེབས་པའི་ཉེས་ཅན་པས།།

བླ་མའི་ཞབས་ཟུང་དམ་གྱིས་འཁྱུད་པ་ཡིས།།

དམ་ཚིག་འཇའ་ཚོན་རི་མོ་སྐལ་དུ་བླངས།།

རང་སར་ནོར་བུའི་ངོ་སོ་མི་ཆོད་པར།།

འགྲེལ་བཤད་སྟོང་གིས་གཡོགས་པའི་སྲུབ་ཁ་ནས།།

གསལ་བཤད།‑‑བྲག་འགོ་དགོན་པའི་ཁྲི་ཟུར་མཁས་པའི་དབང་པོ་དགེ་བློ་བཟང་དོན་འགྲུབ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བཞེས་ཏེ་བདུན་ཕྲག་གཉིས་འཁོར་བའི་ཉིན་དམ་པ་གང་གི་མཛད་རྗེས་ལ་ཐོས་ལོང་ཙམ་གྱིས་དད་པའི་སྤུ་ལོ་གཡོ་བ་ཕྲན་ལྕོག་རི་ཕུར་བུ་ནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཆོས་རིག་འཛིན་སྐྱོང་སློབ་གྲྭའིོ་ནང་དུ་གུས་འདུད་དང་བཅས་ཏེ་ཤར་མར་སྤེལ།

ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༥ པའི་ཚེས་ ༡༤ ཉིན་ཤར་མར་སྤེལ།།