རྡོར་གདན་གྱི་དུས་དབང་སྐོར་གྱི་དྲ་རྒྱ།

དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་ལས་ཀྱི་མཚན་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “ཕྱི་ལོ་༢༠༡༡ ཕྱི་ཟླ་༡༢ ཚེས་༣༡ ནས་ཕྱི་ལོ་༢༠༡༢ ཟླ་༡ ཚེས་༡༠ བར་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་དབང་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་༣༢ པ་བསྩལ་གནང་མཛད་རྒྱུར་ཐུགས་གཏན་ཁེལ་པར་བརྟེན། ད་ལམ་གནས་ཀྱི་ཁྱད་པར་བདག་ཅག་གི་སྟོན་པ་སངས་རྒྱས་པའི་གནས་དང་། བླ་མའི་ཁྱད་པར་འཕགས་མཆོག་ཕྱག་ན་པད་མོ་སྐུ་དངོས་དང་ཆོས་ཀྱི་ཁྱད་པར་རྒྱུད་ཀྱི་ཡང་རྩེ་དཔལ་ལྡན་དུས་ཀྱི་འཁོར་ལོ་ལྟ་བུའི་ཁྱད་ཆོས་སུམ་འཛོམས་ཀྱི་སྐལ་བཟང་གི་ཉིན་མོ་དེ་དང་སྟབས་བསྟུན། རིས་མེད་སྨོན་ལམ་དང་འབུམ་ཚོགས་ཕྱི་ཚེས་༡༠ ཉིན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དོལ་རྒྱལ་དང་འབྲེལ་བ་མེད་པའི་དད་ལྡན་ཆོས་ཞུ་བ་མི་མང་ཐུན་མོང་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་འགྲོའི་སྤྱིའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་ཆེད་བརྟན་བཞུགས་རྒྱས་པ་ཞིག་འདེགས་འབུལ་ཞུ་རྒྱུ་ཡིན་པས། ༧གོང་ས་མཆོག་གི་སྐུའི་ཚེ་སྒྲུབ་ཀྱི་ཆེད་དུ་དད་ལྡན་ཆོས་ཞུ་བ་མི་མང་སྤྱི་དང་། ཡང་དགོས་ཟ་ཁང་དང་ཟས་རིགས་ལས་གཉེར་བ་ཡོངས་ནས་དུས་དབང་རིང་ཁ་ཟས་དཀར་སྐྱོང་ཁོ་ན་ལ་འབད་བརྩོན་གནང་རྒྱུ་རེ་སྐུལ་ཞུ་རྒྱུ་”ཡིན་ཞེས་འཁོད་ཡོད་པ་རེད།།