གཞོན་ནུའི་འཆལ་སྤྱོད།
ཆགས་སྲིད་དམག་གིས་དྲངས་པའི་བརྩེ་དུང་གི་སྒྱུ་རྩལ།།
བསམ་གཞིག་རྣལ་མ་མེད་པོའི་མིག་སྔ་རུ་མཛེས་ཀྱང་།།
དཔྱོད་ཤེས་རིག་པའི་གོམ་སྟབས་འཆུག་མེད་དུ་རྒྱུ་ན།།
སླུ་བྲིད་སྒེག་ཉམས་འབར་བའི་སྒྱུ་རྩལ་དེར་མི་སྤྲོ།།
སྟོང་བསམ་ཡངས་པའི་ཞིང་ནས་དགོས་མེད་ཀྱི་ཅ་ཅོ།།
རྒྱུས་མེད་སྒེག་མོ་ཀུན་གྱི་རྣ་བ་རུ་སྐྱེལ་ཡང་།།
སྙན་འཇེབས་རིགས་གཞུང་འཚོལ་བའི་དཔྱོད་ལྡན་གྱི་མཛའ་མོར།།
ཡིད་སེམས་ངལ་བའི་རྒྱུ་ལས་བདེ་སྟེར་ཞིག་མི་མཆི།།
ཀུན་རྟོག་མཁའ་དབྱིངས་ངོགས་ན་འགོག་མེད་དུ་འཆར་བའི།།
མི་བརྟན་འཆལ་སྤྱོད་སྒྱུ་མ་འཇའ་རིས་ཀྱི་མཛེས་སྡུག།
ཅོལ་ཆུང་སྐྱེ་བོར་མིག་གི་མཛེས་རྒྱན་དུ་གྲུབ་ཀྱང་།།
དོན་དོམ་དཔྱོད་ལྡན་རྣམས་ནི་ཁྲེལ་དགོད་ཀྱི་གཞི་རེད།།
འགྱུར་མེད་རང་གཤིས་གཙང་མའི་སེམས་ཁམས་ཀྱི་ངོས་སུ།།
ལུས་སེམས་བདེ་བའི་དཔལ་དེར་བསྐྱལ་འདོད་ཅིག་ཡོད་ན།།
ཟབ་བརླིངས་ཤེས་རིགས་ནོར་བུ་དགའ་ཚལ་གྱི་དཀྱིལ་ནས།།
གནའ་དེང་རིག་པའི་གེ་སར་མཛའ་གྲོགས་སུ་བརྟེན་དགོས།
