ཉི་མའི་སྣང་བ་གྱེར་པ།
ནང་དགྲ་བཙན་པོའི་སྡང་ཟུག་ཁྲོད་ན་མདོ་སྔགས་རིགས་པའི་ཕ་རོལ་ཕྱིན།།
ཟང་ཟིང་ཆེ་བའི་ཕྱི་དགྲ་རྐང་འོག་སྒང་བ་བོད་དེ་ཕྱག་ཏུ་བསྐོར།།
མཁས་བརྒྱ་འཛོམས་པའི་སྣང་བའི་ངོགས་ན་ཉི་མ་ཡིན་པའི་འགྲེལ་བརྗོད་ཐོབ།།
སྣང་སྲིད་མཛོད་ཀྱི་དཀོར་ཁང་ནང་དུ་ནོར་བུ་ཡིན་པའི་གླེང་གཞི་བསླངས།།
ཕྱི་ནང་མུན་ཁྲོད་རྨི་ལམ་འགྲིམས་པའི་ཁེར་རྐྱང་ལུས་པའི་ལུང་ཁུག་ཏུ་།།
ཕྱི་ནང་དགྲ་ཡི་རྐང་པའི་འོག་ནས་བསྟན་སྲིད་ཀ་བ་ཆག་ཉེ་དུས།།
མངའ་བདག་ཅན་ཚོས་འདེགས་ཤུགས་ཟད་པའི་རང་མཚང་སྐྱུར་མོ་མྱངས་པ་ན།།
བཅུ་ཕྲུག་ལང་ཚོ་ལུས་ལ་ཐོགས་པའི་བྱིས་པའི་ཕྲག་སྟེང་དུ་འགན་དེ་འཕངས།།
བྱིས་པ་གོག་ནས་འགྲོ་ཤག་བྱས་པའི་གུང་ཁྲན་ཏང་གི་མིག་སྔ་རུ།།
བྱིས་པས་བོད་ཁམས་གནམ་ལ་བཏེགས་པའི་འདེམས་ཤུགས་ཆེན་པོ་མཐོང་བ་ན།།
བོད་ཁམས་ཡོངས་རྗོགས་ཁྱུར་མིད་འདོད་པའི་རེ་བ་བརྒྱ་ཡི་རྩེ་མོ་ན།།
བོད་ཀྱི་སྲོག་རྩ་ལྕགས་ལ་ཐུག་པའི་གནས་ལུགས་ཤིག་གི་ངོ་གདོང་མཐོང་།།
ལྷ་ལྡན་ཞིང་ཁམས་ས་འོག་བརྡིབ་དུས་སྒོ་གསུམ་རུས་པས་ཀ་བ་འཛུགས།།
ལས་དབང་དམར་པོ་འཁྱག་ལ་འབྱར་དུས་གངས་རིའི་སྣོད་བཅུད་རུམ་ལ་བཅུག།
སྡུག་གི་བསྣན་པའི་རོལ་དབྱངས་ཁྲོད་ན་སོ་དཀར་འཛུམ་གྱིས་བོད་མི་གསོ།།
མྱ་ངམ་ཐང་གི་ཚ་གདུང་ནང་དུ་ཁྱེད་ཀྱི་ཞོ་ཤས་ང་ཚོ་གསོན།།
ཕྱི་དགྲ་སྟུག་པོས་རྔམས་ཁ་རེ་རེས་ཁྱེད་ལ་བྱམས་པའི་རྩལ་འགྱུར་བསླབས།།
ནང་དགྲ་སྡང་པོའི་གཡུ་འགུལ་རེ་རེས་ཁྱེད་ལ་བརྩེ་བའི་འཛུམ་དཀར་འབྱར།།
གནང་དཀའི་ལས་ཀྱི་ཁུར་བུ་རེ་རེས་ཁྱེད་ལ་བཟོད་པའི་ཁོག་རྒྱ་བསྐྱེད།།
འོད་སྣང་ཟུང་གི་གཤོག་པ་ཐོགས་ནས་གླིང་བཞི་རྐང་པའི་གདན་དུ་བཏིང་།།
མུ་མེད་བས་མཐའི་འབྲོག་དགོན་ར་བར་སང་ཉིན་ཁྱིམ་གཞིའི་རྨང་གཞི་བཏབ།།
ཆད་ལ་ཉེ་བའི་ངོ་རྟགས་སླད་དུ་རྗེན་མའི་དབྱངས་ཀྱིས་བླ་སྲོག་འབོད།།
ཟང་ཟིང་མུན་ཁྲོད་ཐིམ་ལ་ཉེ་བའི་ས་འོག་གསེར་གྱི་རིན་ཐང་འགྲེལ།།
ས་སྒང་འདི་རུ་སྒང་པ་བོད་ཅེས་ཀུན་གྱིས་མཐེ་བོང་བསྒྲེང་སར་བཟོས།།
ཁེར་ཚུགས་ཐོབ་ཐང་ཁ་ནས་གླེང་བཞིན་རང་ཉིད་བསྲུང་པའི་དུས་ཚིགས་ཁྲོད།།
ཚོན་དང་ཁྲག་གིས་མི་སེམས་སུན་པའི་དམར་མདོག་འཁྱིལ་པའི་དུས་རབས་ཁྲོད།།
ཁྱེད་ཀྱིས་འཚེ་མེད་ཞི་བདེ་ལམ་ནས་རྙོག་འཛིང་ཡོད་ཚད་འཇོམས་ནུས་པའི།།
ལམ་ལུགས་མཚར་མོ་གོ་ལར་བསྟིམས་པས་འཛམ་གླིང་ཡོངས་ཀྱི་གཙུག་ནོར་འགྱུར།།
འཁོར་བའི་རང་གཤིས་ཟབ་ས་གླེང་པའི་འདི་སྣང་འཕྲུལ་ལུགས་རིགས་པ་དང་།།
མྱང་འདས་ཆེན་པོ་ཀློང་དུ་བརྡོལ་པའི་གནའ་བོའི་ཆོས་ལུགས་རིགས་པ་དབར།།
རོགས་རེས་ལམ་ནས་གནས་ལུགས་འཚོལ་བའི་སྔོན་མེད་གཞུང་ལུགས་ཆེན་པོ་ཞིག།།
རྒྱ་གར་པཎ་གྲུབ་བསྒྲུན་དུ་མེད་པར་བོད་ཀྱི་དགེ་སློང་ཁྱེད་ཀྱིས་བཞག།།
སྟེང་རྡོ་རེ་རེ་ཕྲག་སྟེང་ལྷུང་དུས་ཁྱེད་ཀྱི་བྲང་ཁར་བརྡུང་ས་ཡོད།།
རྟིང་འོག་ས་གཞི་རྨང་ནས་ཞིག་དུས་མི་བཟོད་ཁྱེད་ཀྱི་རྐང་པ་བཟུང་།།
མགོ་རྟིང་གང་ལ་ཉམ་ང་བྱུང་ཡང་འབོད་ས་མེད་པའི་ཁེར་རྐྱང་ཁྱོད།།
བྱམས་སེམས་སྤྱོད་པས་རང་སེམས་གསོ་བཞིན་མུ་མཐུད་གངས་རི་ཕྲག་སྟེང་ལེན།།
གོ་ལ་ཟླུམ་པོ་ཡོམ་ཡོམ་བྱེད་པའི་ཚན་དང་ཚན་པའི་འཐབ་རྩོད་དག།
མཚོན་དང་དཔུང་གིས་ཞི་བ་མི་ནུས་ཁྱེད་ཀྱི་ཀུན་ཁྱབ་གཞུང་ལུགས་ཀྱིས།།
རེ་རེ་བཞིན་དུ་སེལ་བར་མཐོང་བས་མིག་ཡོད་འགྲོ་བ་ཚོགས་འདི་དག།
ཁྱེད་ཀྱི་ཞབས་རྗེས་འཚོལ་ཞིབ་བྱེད་བཞིན་ཁྱེད་ཉིད་རང་གི་མགོ་བར་བཀོད།།
རུས་ཚིགས་ཤིག་གི་འགོ་འཇུག་གླེང་དུས་ལང་ཚོ་ཅན་ཚོས་ཁྱེད་ལ་འཐམ།།
ཉི་རྒས་དམར་པོ་འབར་སྟངས་གླེང་དུས་རི་བོ་ཡོད་ཚད་ཁྱེད་ལ་སྒུར།།
རྗེན་པར་བརྡར་པའི་གླུ་དབྱངས་ཤིག་གིས་གནམ་ས་ཡོད་ཚད་གཉིད་ལས་བསླངས།།
རྗེན་པ་ཚོགས་ཀྱིས་རྗེན་པ་དྲངས་པའི་གནས་ལུགས་འདི་ཉིད་ཁྱེད་ཀྱིས་བསྐྲུན།།
ཟབ་རྒྱས་གཞུང་ལུགས་བཙིར་ནས་ཐོན་པའི་དག་ཞིང་ཁམས་ཀྱི་རོལ་དབྱངས་རྣམས།།
མར་མེ་འབར་ཞིང་དྲི་ཞིམ་འཐོར་པའི་ཞིང་ཁམས་ཁོ་ནར་མ་དབང་བར།།
ཆུ་བཞིན་འཁོལ་བའི་མི་སྡེའི་ཁྲོད་དུ་ངུ་སྐད་འཇོམས་པའི་ཐོ་ཆེན་དུ།།
ཤིང་རྟ་ཆེན་པོ་ཁྱེད་ཉིད་གཅིག་པུས་སྤྱོད་སྒོའི་སྲོལ་དེ་སྤེལ་བ་ལགས།།
ཚུར་ལ་སྡང་མིག་བལྟ་ཐེངས་རེ་ལ་ཕར་ལ་བརྩེ་བའི་མིག་ཟུང་གཏོད།།
ཚུར་ལ་ངུ་འབོད་བྱ་ཐེངས་རེ་ལ་ཕར་ལ་སྙན་པའི་རོལ་མོ་བཀྲོལ།།
ཚུར་ལ་འཚེ་བའི་ལས་ཤིག་བརྩམས་ན་ཕར་ལ་ཞི་བའི་ལན་ཞིག་གནང།།
མཉམ་བརྗེ་བྱས་པའི་གཞུང་ལུགས་བར་ན་གནས་ལུགས་ཡོད་ཚད་དྭངས་སྙིགས་བྱེས།།
1དམ་བཅའ་གསུམ་པོ་ཕྲག་པར་བསྣམས་ནས་སྨུག་པ་སྟུག་པོར་རྒོལ་འཛིང་བྱས།།
2རལ་གྲི་ཆ་གཅིག་ལག་ཏུ་ཐོགས་ནས་བྱེ་མའི་ཐང་གི་ནང་སྙིང་བསྔོགས།།
ཀུན་ཁྱབ་འོད་ཟེར་ཐོད་དུ་བཅིངས་ནས་་མུན་ནག་ཀློང་དུ་གཞུང་གཤར་བཏང་།།
དེ་ལྟར་གནང་པའི་བྱེད་བབ་ཡོད་ཚད་ཁྱེད་ཉིད་འགྲེང་བའི་དོན་སྙིང་ཡིན།།
བྱེ་ཐང་སྐྱ་མོར་རྐང་རྗེན་ཕེབས་པའི་ངུར་སྨྲིག་ཅན་གྱི་དགེ་སློང་ཞིག།
མཐོ་སྒང་བོད་པ་གནམ་ལ་བཏེགས་པའི་དུས་རབས་ཁྲོད་ཀྱི་ཀ་ཆེན་ཞིག།
གོ་ལའི་མུན་པ་གནམ་མཐར་སྐྲོད་པའི་གོང་མའི་ཡུལ་གྱི་མཐུ་བོ་ཞིག།།
རིགས་གསུམ་སྐུ་མཆོག་གཅིག་ཏུ་བསྡུས་པའི་གངས་རི་རྩེ་ཡི་ཉི་མ་ཁྱོད།།
རོལ་དབྱངས་ཤིིག་གི་སྲོག་ཏུ་ཞུགས་ནས་གོ་ལ་ཡོམ་ཡོམ་བྱེད་པ་ན།།
མགོ་བོ་ཡོད་ཚད་ཁྱེད་ལ་གཏོད་ནས་མེ་ཏོག་དཀར་པོའི་ནང་སྙིང་གླེང་།།
རོལ་དབྱངས་ཡོད་ཚད་ཁྱེད་ལ་བཀྲོལ་ནས་མེ་ཏོག་དཀྱིལ་དུ་ཁྱེད་ཉིད་དྲངས།།
བཞིན་མདངས་གསལ་བའི་མིག་ཟུང་ཡོད་ཚད་མཐོ་སྒང་པ་ཡི་དགའ་མར་གྱུར།།
རང་གི་ཡོད་ཚད་ཕར་ལ་བཏང་ནས་གོ་ལ་བསྐོར་སྟངས་ལྡོག་ལུགས་དེས་།།
གཞན་གྱི་ཡོད་ཚད་ཚུར་ལ་ཐོབ་པའི་འཇིག་རྟེན་མིག་ངོར་མཚར་སྣང་བསྐྲུན།།
ཕར་ཚུར་བསྟུན་པའི་གནས་ལུགས་ཤིག་གིས་དཀའ་རྙོག་ཞི་བའི་གཞུང་ལུགས་དེ།
རྙོག་འཛིན་ཆེ་བའི་མི་སྡེའི་ཁྲོད་དུ་མིག་ཟུང་ཕྱེ་བའི་ཐབས་སུ་བཞག།
དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་ས་མཐོའི་འཇིག་རྟེན་ཆུང་ངུ་འདི།།
གནམ་གྱི་མིག་སྔར་སྲིོན་འབུར་འགྱུར་བའི་གནས་ལུགས་ངན་རྟགས་ཐོན་ཉེ་དུས།།
ཁྱེད་ཉིད་གནམ་ལ་འོད་ཟེར་ཐོགས་ནས་འཕུར་སྟངས་སྒམ་པོ་ཁོ་ན་ཡིས།།
འབའ་འབུ་ཚད་ཀྱི་ཡུལ་གྲུ་དེ་ཉིད་དེ་རིང་གནམ་གྱི་ངོ་ཁེབས་གྱུར།།
ཁྱེད་ཉིད་གོ་ལར་འགྲེང་པ་ཁོ་ནས་དེ་རིང་ང་ཚོ་འཚོ་བ་རེད།།
ཁྱེད་སྲོག་ཏུ་བཞུགས་པ་ཁོ་ནས་དེ་རིང་ང་ཚོ་འགུལ་པ་རེད།།
ཁྱེད་ཉིད་བཀྲོལ་པའི་རོལ་དབྱངས་ཁོ་ནས་དེ་རིང་ང་ཚོ་སད་པ་རེད།།
མངའ་བདག་ཁྱེད་ནི་ང་ཚོ་བསྐྲུན་པའི་གཏམ་རྒྱུད་ཁྲོད་ཀྱི་ལྷ་ཆེན་ཡིན།།
མིག་ཆུ་ཕྲེང་བ་གདོང་ལ་བསྟར་བའིའགྲོ་བའི་སྐྱོ་ཉམས་འཐུང་བྱས་ཏེ།།
གྲང་ངར་ཆེ་བའི་གངས་རིའི་ཕྱི་ནང་དྲོད་མོའི་རུམ་ནང་སྦས་བྱས་ཏེ།།
མཐོ་སྒང་ཆེན་པོའི་སྒལ་བའི་གཞུང་ན་ཞབས་ཟུང་གཡོ་མེད་བརྟན་པར་མཛོད།།
མཐོ་སྒང་ཆེན་པོའི་མགོ་ཡི་ཐོག་ན་སྔར་བཞིན་སྤྲོས་པ་བརྟས་པར་མཛོད།།
མཆན་འགྲེལ།
1 མཛད་ཁུར་གསུམ།
2ནང་ཆོས་དང་ཚན་རིག་གཉིས