མུན་ཁྲོད་ན་འབར་བའི་མར་མེ་རྐང་གཅིག
དབུས་འགྱུར་ལྷ་ལྡན་ཞིང་དུ་ཆོས་སྒོར་ཞུགས།།
མཚན་ལྡན་བླ་མའི་དྲུང་ནས་གདམས་པ་རྙེད།།
ངོ་མཚར་ལེགས་བཤད་ཆར་གྱིས་ཐུགས་རྒྱུད་བརླན།།
ལྷ་གཅིག་ཕྱག་ན་པད་མོ་ཆོས་ཀྱི་རྗེ།།
མཁས་པའི་རིགས་ལམ་འགྲོས་ཀྱིས་རྩེན་ས་ན།།
རྣམ་དཔྱོད་བང་ཁ་ཡངས་པའི་མདུན་སྣེ་ན།།
རིགས་པའི་ཕོ་ཤེད་རྩལ་གྱིས་ངོམས་ཙ་ན།།
མཁས་དགུའི་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག།
འཇིགས་རུང་གཉན་འཕྲང་དུས་ཀྱི་འགག་སྒོ་ནས།།
རྒྱལ་བསྟན་ཆབ་སྲིད་སུས་ཀྱང་མི་ཐེག་པའི།།
ཆོས་མེད་ཀླ་ཀློ་གཏུམ་པོའི་མཆི་སྡེར་འོག།
ཡོད་ཚད་བདག་གིར་བཞེས་མཛད་མི་ཡི་རྒྱལ།།
ཐོས་དོན་འབད་པས་བསྐྱེད་པའི་སྔ་ལྟས་སུ།།
མཁས་གྲུབ་བྱེ་བ་འདུས་པའི་མདུན་ངོགས་ན།།
བརྒལ་ལན་རྩོད་པའི་རིགས་ལམ་སྒོ་བརྒྱ་འབྱེད།།
འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལྷ་ཡི་ལྷ།།
ཡབ་མེས་བླ་སྲོག་གཏོར་བའི་འགག་རྩ་ན།།
ཀླ་ཀློའི་དཔུང་ཁ་དར་བའི་མདུན་ངོགས་ན།།
བསད་བརྡུང་ཤི་རྨས་སྟོང་གི་ངུ་ངག་ཁྲོད།།
རེ་བའི་སྣེ་མོར་འཛིན་མཁས་མགོན་དཔུང་ཉིད།།
མེ་མདའ་དྲག་ཆར་ཕབ་པའི་རླུང་འཚུབ་ཁྲོད།།
བསྟན་སྲུང་དཔའ་བོ་དམག་གིས་སྣེ་དྲངས་ཏེ།།
དགྲ་བོའི་འགག་འཕྲང་དོག་མོའི་མདུན་སོ་ན།།
བདེ་བླག་ཕྱིར་བསྐྱོད་འདི་ཉིད་སྤྲུལ་པའི་གར།།
འཕགས་ཡུལ་ནེཧ་རུ་དམ་པའི་བཀའ་དྲིན་འོག།
མཐུན་མིན་ཆོས་དང་རིག་པའི་གཞུང་ལུགས་ཀུན།།
མི་ཉམས་རྨང་ནས་གསོ་བའི་ཐབས་བྱུས་ཀྱིས།།
མི་ནུབ་ཀ་ཆེན་བསླངས་འདི་གངས་རིའི་མགོན།།
གདོང་དམར་ཉམ་ཐག་འགྲོ་རྣམས་ས་མཐའ་ནས།།
སྣ་ཚོགས་དཀའ་སྡུག་མང་པོའི་ངལ་བའི་ཁྲོད།།
མ་འདྲེས་རིགས་བརྒྱུད་གཙང་མའི་འགན་བསྲུང་སླད།།
གཞིས་སྒར་རྨང་ནས་འགོད་མཛད་འདི་ཕྱིའི་སྐྱབས།།
ས་མཐའ་མི་ཡུལ་འགྲིམས་པའི་དཀའ་སྡུག་ཁྲོད།།
རེ་བའི་སྣེ་མོ་ཞིག་གིས་ལག་གདང་ཁྲོད།།
གནམ་ས་འཐབ་འཁྲུག་ཐེབས་པའི་སྨག་རུམ་ཁྲོད།།
ཀུན་གྱི་སྣང་ངོར་གསལ་བའི་ཉི་མ་ཉིད།།
འཛམ་གླིང་ཤར་ནུབ་ཀུན་གྱི་ཡར་ཐོད་ན།།
མཁས་མཁས་མིང་གི་བསྙད་པའི་མདུན་སོ་ན།།
སྙན་སྙན་གསུང་གི་ཁུ་བྱུག་མགྲིན་པའི་གླུ།།
ལྷང་ལྷང་རྣ་བའི་དཔྱིད་ཀྱི་བདུད་རྩིར་སྨིན།།
ཤར་ནུབ་རྒྱལ་ཁམས་ཀུན་གྱི་འགོ་གཙོ་ཡིས།།
ལྷོད་དུ་མེད་པའི་དབང་ཤུགས་ནུས་པ་ཀུན།།
གང་ཁྱེད་དགྱེས་ཚོར་ཆེན་པོས་བོད་འབངས་ལ།།
ལུགས་ཟུང་མང་གཙོ་སྩོལ་མཛད་སྨྲ་བའི་དབང་།།
འཛམ་གླིང་ཤེས་ལྡན་སྟོང་གི་མདུན་སོ་ན།།
ཞི་དུལ་གཤིས་སྤྱོད་གཙང་མའི་འོད་སྣང་གིས།།
རྒྱལ་ཁམས་མུན་པས་འཐིབས་པའི་ཁོར་ཡུག་འདིར།།
སྣང་བའི་མིག་བརྒྱ་འབྱེད་པའི་སྒྲོན་མེ་སྤར།།
ཕྱི་ནང་མཁས་པའི་མཚན་གྱི་བསྙད་ཚད་ཀྱིས།།
གང་ཉིད་སྤྱི་བོའི་གཙུག་གི་རྒྱན་འཆང་དེ།།
ཁྲི་ཕྲག་གཟེངས་བསྟོད་སྣེ་མང་བཏེགས་བྱས་ཏེ།།
འཇིག་རྟེན་ཞི་བདེའི་དེད་དཔོན་ཉིད་དུ་བཀུར།།
སྣ་ཚོགས་ཆོས་པ་ཀུན་གྱི་ཡར་ཐོད་ན།།
འཆམ་མཐུན་གསེར་གྱི་མདུན་བརྒྱ་འདེབས་ཞོར་དུ།།
ཐམས་ཅད་གུས་པས་གཙུག་གི་རྒྱན་བཀོད་དེ།།
ཡོངས་ཀྱི་བླ་མར་བཀུར་བའི་འཛམ་གླིང་རྒྱན།།
རིག་གསར་མཁས་པ་སྟོང་གི་མདུན་ངོགས་ན།།
ཀུན་གྱིས་མཁས་པར་བསྙད་པའི་མཁས་དགུའི་མདུན།།
རྟེན་དང་རྟེན་འབྱུང་ཞིབ་ཀྱིས་གླེང་ཙ་ན།།
ཀུན་གྱིས་བསྔགས་འོས་མཁས་དགུའི་གཙུག་ནོར་ཉིད།།
རིས་མེད་སྐྱེས་འགྲོ་སྟོང་གི་བདེ་རྩ་སླད།།
བྱམས་བརྩེའི་འཛུམ་མདངས་རྒྱས་པའི་ཞི་དུལ་སྤྱོད།།
མཐོ་དམན་འགྲོ་ལ་ཆོས་ཆར་འབེབས་མཁས་པའི།།
གངས་ཅན་མི་ཡི་ཉི་མ་དུས་ཀུན་རྒྱལ།།
ཤར་ནུབ་མི་རིགས་ཀུན་གྱིས་མདུན་ངོགས་ན།།
དྲང་པོའི་ལམ་སྣེ་རྙེད་པའི་མཁས་དགུ་ཀུན།།
ཡིད་ཀྱི་བརྟན་པ་ངང་གིས་འགུག་ཙ་ན།།
སྣ་ཚོགས་གཟེངས་རྟགས་སྟོང་གིས་ཁྱོད་ལ་འཚང་།།
ལེགས་བཤད་རིན་ཆེན་གཏེར་གྱིས་བང་མཛོད་ཁེངས།།
ཤེས་རིག་ནོར་བུ་སྟོང་གི་འོད་རྣོན་འབར།།
སྙན་འཇེབས་ཁུ་བྱུག་གསུང་གི་མགྲིན་པའི་གླུ།།
འཕགས་མཆོག་མི་ཡི་མགོན་ཁྱོད་གཙུག་གི་རྒྱན།།
སྨག་རུམ་མུན་པ་འཐིམས་པའི་ཤར་མཐའ་ནས།།
དཀར་ངོགས་འོད་ལ་འཕྲེང་པའི་སྨག་ཁྲོད་འདིར།།
ལྷང་ལྷང་སྣང་བ་འབྱེད་པའི་མར་མེ་སྟེ།།
སྣང་བའི་མིག་བརྒྱ་དབྱེ་བའི་བྱེད་པོ་ཉིད།།
———འབྲས་བློ་གླིང་གོ་བོ་འཆི་མེད་ཚེ་རིང་གིས་ཕྱི་ལོ་༢༠༡༡ ཟླ་༥ ཚེས་༣༡ ཉིན།།
