༧གོང་ས་མཆོག་ཨ་རིའི་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་པ།
དེ་ཡང་༧གོང་ས་མཆོག་སྐུ་སྒེར་གྱི་དྲ་བའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན་ཨ་རིའི་གཞུང་འཛིན་མང་གཙོ་སྲིད་དོན་ཚོགས་པ་དང། ཕྱོགས་འགལ་སྤྱི་མཐུན་ཚོགས་པ་ཐུན་མོང་གི་ཚབ་ཞུས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ཨེ་ནར་ (John Boehner) མཆོག་གིས་ཨ་རིའི་གྲོས་ཚོགས་སུ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཡོད་པ་དང། སྐབས་དེར་ྋགོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་དང་། ཨེ་ལི་ཡ་ན་རོ་སི་ལེ་ཊི་ནན། ཧོ་ཝཌ་ཨེལ་བར་མན། ཁ་རེ་སི་མི་ཐི། ནི་ཏ་ལོ་ཝེ། ཕ་རེན་ཀི་ཝུལ་ཧྥི་བཅས་གྲོས་ཚོགས་ཀྱི་འཐུས་མི་བདུན་དང་མཇལ་འཕྲད་གནང་སྐབས་བོད་དང་རྒྱ་ནག་དབར་གྱི་གནད་དོན་ཐད་བཀའ་མོལ་གནང་ཡོད། སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་བ་མེད་པའི་དགོངས་པར་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་རེད།
དེ་རྗེས་ྋགོང་ས་མཆོག་དང་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ཨེ་ནར། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་བཅས་ལྷན་ཞུགས་ཀྱི་ཐོག་ནས་གསར་འགོད་པ་ཚོར་མཇལ་འཕྲད་གནང་ཡོད།
ཐོག་མར་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ཨེ་ནར་མཆོག་གིས་གསར་འགོད་པ་ཚོར་གསུང་དོན། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གདན་ཞུས་ལྟར་ཨ་རིའི་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་པ་དེས་ང་ཚོར་ཆེ་མཐོང་ཆེན་པོ་ཐོབ་བྱུང༌། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཨ་རིའི་མི་མང་དབར་ཡུན་རིང་ནས་མཛའ་བརྩེའི་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། ༧གོང་ས་མཆོག་གྲོས་ཚོགས་སུ་གདན་འདྲེན་ཞུ་རྒྱུ་ཡིན་པ་སྔོན་ཚུད་ནས་ཚོད་དཔག་ཐུབ་པ་ཞིག་ཡིན་པས་གནད་དོན་དེར་ཧང་སངས་དགོས་དོན་མེད། དེར་བརྟེན་ངོས་ཁོང་གྲོས་ཚོགས་སུ་གདན་འདྲེན་ཞུས་པ་འདི་འགྲིག་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ས་གནས་གང་ཞིག་ཏུ་ཆིབས་སྒྱུར་བསྐྱངས་རུང་ཁོང་གིས་སྐུ་ངལ་ཁྱད་བསད་ཀྱིས་བྱམས་བརྩེ་དང་བཟོད་བསྲན། འཚེ་བ་མེད་པ། དྲང་བདེན། རང་དབང་སོགས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུར་ཐུགས་བརྩོན་གནང་གི་ཡོད། ཁོངང་གི་མཛད་རྗེས་ཀྱི་རིན་ཐང་གཙིགས་ཆེར་འཛིན་མཁན་ཨ་རིའི་རྒྱལ་ཁབ་ཀྱིས་ཁོང་ལ་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། བོད་མི་ཚོར་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་པོ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མཉམ་འཛོམས་ཐུབ་པ་བྱུང་ཡོད། འབྱུང་འགྱུར་ཡང་ཆབ་སྲིད་ཚོགས་པ་གཉིས་པོ་མཉམ་རུབ་ཀྱི་ཐོག་ནས་དུས་ཡུན་ཇི་ཙམ་འགོར་མིན་ལ་མ་ལྟོས་པར་བོད་མིའི་རྩ་དོན་བསྒྲུབ་བྱར་རྒྱབ་སྐྱོར་མུ་མཐུད་བྱེད་ཐུབ་པའི་རེ་བ་གནང་བཞིན་ཡོད་ཅེས་གསུང་པ་རེད།
དེ་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ཡིས་ད་རེས་ཚོགས་གཙོ་མཆོག་གིས་༧གོང་ས་མཆོག་གྲོས་ཚོགས་སུ་གདན་ཞུ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་གཅིག ཁོང་གིས་༧གོང་ས་མཆོག་སྐུ་གཞོན་ནུའི་སྐབས་དེ་སྔའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཕེ་རན་ཀི་ལིན་རུ་སུ་ཝིལ་ཌི་མཆོག་གིས་༧གོང་ས་མཆོག་ལ་གསེར་གྱི་ཆུ་ཚོད་གཅིག་ཕྱག་རྟགས་སུ་འབུལ་གནང་བའི་སྐོར། དེ་རྗེས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤུ་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་གནང་བ་མ་ཟད། ཨ་རིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་༧གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་མཛད་ཡོད་པའི་སྐོར་སོགས་གསུང་ཡོད་པ་རེད།
༧གོང་ས་མཆོག་གིས་གསར་འགོད་པ་ཚོར་བཀའ་གནང་དོན། ངོས་ལ་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། ངོས་རང་ད་ཐེངས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོང་རྒྱུའི་དགོས་དམིགས་གཙོ་བོ་ནི་ནང་ཆོས་ནས་གསུངས་པའི་བྱིན་རླབས་ཆེ་བའི་རྒྱུད་ཀྱི་ཆོས་འབྲེལ་ཆེད་ཡོང་བ་ཡིན། ངོས་རང་འདིར་བསླེབས་རྗེས་ངོས་ཀྱི་གྲོགས་པོ་རྙིང་པོ་ཚོ་ཐུག་འཕྲད་བྱེད་རྒྱུ་ངོས་ཀྱི་ལས་འགན་ཆགས་ཡོད། ལྷག་པར་ཚོགས་ཁང་འདིས་ང་ཚོར་རྟག་ཏུ་བློ་སྤོབས་ཤིག་སྐྲུན་གྱི་ཡོད་པས་འདིར་ཕེབས་པའི་ཁྱེད་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང། ཡང་༧གོང་ས་མཆོག་གིས་ཉེ་ལམ་གང་ཉིད་ཀྱི་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་གནང་བའི་རྒྱུ་མཚན་རྣམས་གསལ་བཤད་གནང་།
དེང་སྐབས་ཆོས་དཔོན་དང་རྒྱལ་པོ་རྒྱལ་མོ་བཅས་ཀྱིས་རྒྱལ་ཁབ་ཀྱི་དབུ་ཁྲིད་བྱེད་རྒྱུའི་དུས་ཚོད་ད་ཆ་ཡོལ་ཟིན་པ་ཞིག་ཡིན་པ་ངོས་ཀྱིས་བསམ་གྱི་ཡོད། ཆོས་སྲིད་གཉིས་ཀྱི་སྒྲིག་འཛུགས་ཐ་དད་སོ་སོར་འབྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་དང། ངོས་རང་གཞོན་ནུའི་དུས་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་མང་གཙོ་ཅན་དུ་བསྒྱུར་རྒྱུའི་དགོངས་བཞེས་ཡོད། ད་ལམ་ཆབ་སྲིད་ཀྱི་ཐུགས་འགན་ལས་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུའི་དགོངས་གཞི་འདི་གློ་བུར་གྱི་ཐག་གཅོད་ཅིག་མིན་པའི་སྐོར་སོགས་གསུང་ཡོད། སྐབས་དེར་༧གོང་ས་མཆོག་དང་ལྷན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། སྐབས་གསུམ་པའི་བཀའ་ཁྲིར་འདེམས་ཐོན་བྱུང་བ་མཁས་དབང་བློ་བཟང་སེང་གེ། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན། དེ་བཞིན་སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས་ཀྱི་གནས་ཚུལ་སྤེལ་འདུག།