སྙིང་དང་ཀླད་པར་ཟུག་པའི་དྲི་བ།
སྤྱི་ཚོགས་ཀྱི་ཀུན་སྤྱོད་དག་ལ་སྣང་མེད་དམ་ཡུལ་དུས་ལྟོས་གྲུབ་ཀྱི་སླུ་བྲིད་འོག་ཉམ་ཉེས་སུ་ཤོར་བཞིན་པའི་གནས་སྟངས་མངོན་བཞིན་འདུག རྒྱ་གར་ས་གནས་ཉེན་རྟོག་པའི་འགོ་འཁྲིད་ཅིག་དང་རྒྱ་གར་གྱི་ཁྲིམས་རྩོད་པ་ཞིག་གིས་བཤད་པའི་སྐད་ཆ་འདིས་ང་ཚོར་གནས་སྟངས་འདིར་དྲན་གསོ་དང་ཉེན་བརྡ་གསལ་བོར་བཏང་འདུག་ཅིང་མ་འོངས་པའི་གནས་སྟངས་རབ་རིབ་ཅིག་ཀྱང་རྟོག་ངོར་འཆར་བཅུག་འོང་། ས་གནས་ཉེན་རྟོག་པའི་འགོ་དཔོན་དེས“བོད་པའི་གཞོན་སྐྱེས་ཚོ་གང་བྱུང་འཁྱམ་ཉུལ་བྱེད་མཁན་དང་འཁྲུག་པ་རྒྱག་པ། ཉལ་ཐ་འཐེན་མཁན། ར་བཟི་སོགས་མང་པོ་རེད། ཉེ་ཆར་བོད་པ་གཞོན་སྐྱེས་ཁག་ཅིག་རྒྱག་རེས་ཤོར་ནས། ཉེན་རྟོག་པ་སླེབས་པ་རེད། སྐབས་དེར་ཉེན་རྟོག་པ་མ་སླེབས་ན་གཅིག་གསོད་གྲབས་འདུག མཚན་མོ་ཉེན་རྟོག་པ་སྐོར་སྲུང་བྱེད་དུ་འགྲོ་སྐབས། བོད་པའི་གཞོན་སྐྱེས་ལས་ཀ་འདྲ་མིན་བྱེད་མཁན་དུས་རྒྱུན་མང་པོ་ཐུག་གི་འདུག ཁྱེད་རང་ཚོ་ཡིད་ཆེས་མེད་ན། ཚོགས་པ་ཁག་གི་སྐུ་ཚབ། བོད་མིའི་སྐུ་ཚབ་དེ་འདྲ་མཚན་མོར་ས་གནས་ཉེན་རྟོག་པ་མཉམ་དུ་སྐོར་བསྐྱོད་གྱིས་དང་གསལ་པོ་ཆགས་རྒྱུ་རེད། དུས་རྒྱུན་ཁྲིམས་མཐུན་བྱེད་དགོས་པ་གལ་ཆེན་པོ་རེད་”ཅེས་དང་ཁྲིམས་རྩོད་པ་ཌོག་ཊར་ཨ་ནན་ཐིས་ཡིས“བོད་པ་ཚོ་སོ་སོས་སྐྱབས་བཅོལ་བ་ཡིན་ཞེས་བརྗོད་པ་ལས། ཁྱེད་ཚོ་སྐྱབས་བཅོལ་བ་མ་རེད། རྒྱ་གར་གྱི་ཁྲིམས་ཐོག་ནས་སྐྱབས་བཅོལ་བར་ངོས་ལེན་ཡོད་པ་མ་རེད། ཕྱི་རྒྱལ་བ་རྒྱ་གར་དུ་གནས་སྡོད་བྱེད་མཁན་གྱི་མིང་ཐོག་ཏུ་ཡོད་པས།ཁྱེད་ཚོར་ཡུལ་མི་དང་མ་འདྲ་བའི་ཁྲིམས་ཁུར་དགོས་པ་དང་། ཡུལ་ཁྲིམས་དང་ཡུལ་མིའི་གོམས་གཤིས་སོགས་དང་བསྟུན་དགོས་པའི་འགན་ཁུར་མང་བ་ཡོད་པ་རེད། ཡིན་ནའང་ཁྱེད་ཚོ་ཡང་མི་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་དང་མཐུན་པའི་ཁྲིམས་ཀྱི་རྒྱབ་སྐྱོར་ཡོད་པས། གཉའ་ཆག་དགོས་དོན་གང་ཡང་མེད་པར་ཁྲིམས་གཏུག་སོགས་ཀྱི་ཐོབ་ཐང་ཆ་ཚང་ཡོད་པ་རེད། ཅེས་བཤད་ཡོད།
བོད་པ་ཚོ། ད་ནི་བསམ་གཞིགས་ཀྱི་སྒོ་གླེགས་ཧར་གྱིས་ཕྱེས་ནས་རང་གིས་རང་ལ་དྲི་བ་གཏོང་དགོས་པའི་དུས་སུ་བསླེབས་ཡོད། ང་ཚོ་སྐྱབས་བཅོལ་བ་མ་ཡིན་པའི་གནས་སྟངས་དེ་ནི་བདེན་དོན་འཐབ་རྩོད་ཀྱི་ལས་རིམ་རྒྱུན་བསྲིང་དང་བརྟན་གནས་ཐུབ་མིན་གྱི་རྩ་བའི་དྲི་གཞི་གལ་ཆེན་ཞིག་ཏུ་བསླེབས་ཡོད་ལ་རྒྱ་གར་ཡུལ་མི་དང་འགོ་འཁྲིད་ཀྱི་མིག་ནང་གི་བོད་ཀྱི་གཞོན་སྐྱེས་ཚོའི་གནས་བབ་ལྷུང་བཞིན་པའི་གནད་དོན་དེས་ནི་ང་ཚོར་དེ་ལས་ལྷག་པའི་འཇིགས་སྐྲག་ཅན་གྱི་ཉེན་བརྡ་ཞིག་བཏང་ཡོད། ཀུན་གྱིས་གུས་བཀུར་གདེང་འཇོག་གྱིས་མཆོག་ཏུ་བཀུར་བའི་༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་ན་མཐོན་པོར་སླེབས་པ་དང་དུས་མཚུངས་སུ་མ་འོངས་པའི་བོད་ཀྱི་བདག་པོ་བོད་པའི་གཞོན་སྐྱེས་ཚོའི་ཀུན་སྤྱོད་དང་བསམ་བློའི་འཕེལ་ཁ་རྒྱལ་སྤྱིའི་མིག་དཔེར་འོས་པའི་ཕྱོགས་སུ་མ་བསྐྱོད་པར་ལྡོག་ཕྱོགས་ཀྱི་མཐོང་སྣང་མི་རིགས་གཞན་གྱི་བསམ་ངོར་འབྱར་བཞིན་པ་ནི་ད་ལྟའི་ང་ཚོའི་གནས་སྟངས་ཀྱི་ཐོག་ནས་བསམ་ན་དངོས་གནས་སྐྲག་དགོས་པ་དང་འཇིགས་དགོས་པ་ཞིག་གོ། །།
2011/7/9