ཕུགས་བསམ་ཡལ་བའི་གསེར་སྨྱོན།

སྨིག་སྤྲིན་རྫ་ལ་འཁོར་སའི་རི་གྲོང་ཞིག་ན།།

ཞེན་འཛིན་ཨ་འཐུས་སེམས་ལ་ལྷོག་ལྷོག་འཕྱོ་བ།།

གནས་ཚང་རི་ལ་གཏོར་བའི་གསེར་སྨྱོན་བུ་ང་།།

ཕུགས་བསམ་ཁད་ཀྱིས་ཡལ་བའི་ཞེ་ཁོག་གྲང་སོང་།།

ས་སྲོད་རབ་རིབ་ཞིག་གི་ལུང་གཤོང་འདི་ནས།།

ཕུགས་བསམ་སད་ཀྱིས་ཁུར་བའི་ཁེར་རྐྱང་བུ་ལོའི།།

རྨི་ལམ་མཚོན་ཁྲའི་ངོགས་ན་ཡིད་སེམས་གྲང་བ།།

སྨྱོན་པའི་རང་ཚུགས་ཤོར་བའི་བདག་སེམས་སྐྱོ་སོང་།།

བསྡུས་ཚན་གཞུང་ལུགས་སྦྱང་བའི་རྡོ་བཅལ་ངོགས་ནས།།

མི་ཚེ་ཕྱེད་ཀ་རྫོགས་པའི་དར་བའི་རྟེན་འདི།།

ཆུད་ཟོས་སྣང་མེད་བྱས་པའི་དོན་དེ་བསམ་སྐབས།།

མི་ཚེ་རྡོ་ལ་གཞུས་པའི་ལོ་ཟླ་དྲན་སོང་།།

ཉེ་ལམ་རྫོགས་པ་ཆེན་པོའི་མན་ངག་མ་ཤེས།།

དོན་བརྒྱུད་ལྟ་བའི་ཟབ་གནད་རྒྱུད་ལ་མ་སྐྱེས།།

བདག་འཛིན་བདེན་འཛིན་གཉིས་ཀྱི་ཁ་སྒོ་འདི་ན།།

།དུག་གསུམ་མེ་ལྕེ་དམར་པོས་ཐར་ལམ་བསྒྲིབས་སོང་།།

།ལས་ངན་འཁོར་བའི་གྲོང་ན་བར་མེད་རྒྱུ་བཞིན།།

མི་ཆོས་ལྷ་ཆོས་མ་ཤེས་དཔལ་སྨྱོན་བུ་ང་།།

མི་ཡུལ་འདི་ལ་འོང་བའི་ཉིང་དགོས་མ་འགྲུབ།།

མི་ཚེ་དོན་མེད་རྫོགས་པའི་སེམས་འདི་ཕངས་ཐལ།།