དྲག་རྩལ་འགྲན་སྡུར་ནང་གསེར་གྱི་རྟགས་མ་ཐེངས་གསུམ་ཐོབ་པ།
རིམ་བཞིན་དྲག་རྩལ་ལ་སྦྱངས་པ་བྱས་ནས་ཉི་ཧོང་རང་སྲུང་དྲག་རྩལ་(karate)ཐོག་དམིགས་བསལ་སྦྱོང་བརྡར་བྱས། ཉི་ཧོང་དྲག་རྩལ་སློབ་ཐོན་པ་བོད་རིགས་རྒན་ཚེ་རིང་རྡོ་རྗེ་དགེ་རྒན་དུ་བསྟེན་ནས་༡༩༩༨ ལོར་རྒྱ་གར་དུ་དྲག་རྩལ་རྒྱུག་སྤྲོད་བྱས་ནས་རྒྱ་གར་རྒྱལ་ཡོངས་མཐོ་རིམ་རང་སྲུང་དྲག་རྩལ་སློབ་ཐོན་གྱི་ལག་ཁྱེར་བླངས་པ་དང་། རྗེས་སུ་རྡེ་ར་རྡུན་དམག་སྒར་དབུས་སློབ་གཉེར་ཁང་དུ་ལོ་༧ ལ་རང་སྲུང་དྲག་རྩལ་དང་རྩེད་མོའི་དགེ་རྒན་བྱས་ཤིང། གཞན་ཡང་དམག་སྒར་གཞན་ཁག་ལ་ཡང་དྲག་རྩལ་དང་རྩེད་མོའི་དགེ་རྒན་བྱེད་མྱོང་། ༡༩༩༨ ལོའི་ཟླ་༡༠ པར་རྒྱ་གར་ལྷོ་ཕྱོགས་མ་དྷི་ར་སིའམ་ཅཱེ་ནེ་གྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་དྲག་རྩལ་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་པ་དང་། དེ་བཞིན་འདི་ལོའི་ཟླ་༢ པའི་ནང་རྒྱ་གར་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་དྲག་རྩལ་འགྲན་སྡུར་ནང་གསེར་གྱི་རྟགས་མ་ཐེངས་གཉིས་པ་ཐོབ། གཞན་ཡང་འདི་ལོའི་ཟླ་༧ ཚེས་༣ ཉིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་རང་སྲུང་དྲག་རྩལ་འགྲན་སྡུར་ཁྲོད་མཉམ་ཞུགས་བྱས་ནས་མངའ་སྡེ་༢༠ ནས་སླེབས་པའི་དྲག་རྩལ་འགྲན་སྡུར་བ་མི་གྲངས་དྲུག་སྟོང་གི་ཁྲོད་ནས་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་པ་རེད།
དྲི་བ། ཁྱེད་རང་ཐོག་མར་རང་སྲུང་དྲག་རྩལ་ཐོག་སློབ་སྦྱོང་བྱེད་རྒྱུའི་བསམ་བློ་ག་འདྲ་འཁོར་སོང་།
ལན། ང་རང་སློབ་སྦྱོང་བྱེད་རྒྱུར་དེ་ཙམ་གོ་སྐབས་མ་ལོན་པ་དང་དགའ་པོ་ཡང་མེད་མཁན་ཞིག་ཡིན། ཡིན་ནའང་ཆུང་དུས་ནས་རང་ཉིད་ཀྱིས་མི་རིགས་དང་རྒྱལ་ཁབ་ཆེད་དུ་ཡིན་ན་འདྲ། གང་ལྟར་རང་ཉིད་རྩེད་མོ་དང་དྲག་རྩལ་ཐོག་སྐད་གྲགས་ཅན་གྱི་བོད་མི་ཞིག་བྱེད་རྒྱུར་འདོད་པ་ཆེན་པོ་ཡོད་པ་ཞིག་ཡིན། དེར་བརྟེན་ངས་འབད་བརྩོན་ཆེན་པོ་བྱས་པ་ཡིན་ལ་ད་ལྟ་བར་དུ་རྒྱ་གར་རྒྱལ་ཡོངས་ནང་གསེར་གྱི་རྟགས་མ་བླངས་པ་ཐེངས་གསུམ་པ་ཆགས་ཡོད།
དྲི་བ། ཁྱེད་རང་གིས་རྒྱ་གར་རྒྱལ་ཡོངས་དྲག་རྩལ་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་ཐེངས་གསུམ་ཐོབ་པ་རེད། སྐབས་དེར་ཁྱེད་ཀྱི་སེམས་ལ་ཚོར་བ་ག་རེ་ཡོང་གི་འདུག
ལན། ངས་དཀའ་ལས་མང་པོ་བརྒྱབ་ནས་དྲག་རྩལ་སྦྱངས་པ་རེད་ལ་དམིགས་ཡུལ་ཡང་ཆེན་པོ་བཟུང་བ་རེད། དེ་ཡིན་དུས་དྲག་རྩལ་འགྲན་སྡུར་བྱས་ནས་རང་ལ་ཐོབ་ཡོང་དུས་ངས་དཀའ་ལས་བརྒྱབ་པ་དེ་རྒྱ་མཚོ་རུ་རྡོ་འཕངས་པ་བཞིན་དོན་མེད་ཆགས་མི་འདུག གོ་ཆོད་འདུག་དྲན་གྱི་འདུག་ལ། ཆུང་དུས་ཀྱི་དམིགས་ཡུལ་འགྲུབ་བཞིན་པར་བརྟེན། སེམས་ལ་དགའ་ཚོར་ཆེན་པོ་སྐྱེས་ཡི་འདུག དེའི་མ་ཚད་མི་ཆེན་པོ་སློབ་སྦྱོང་ཡོད་མཁན་མང་པོར་ཐུག་གི་འདུག་ལ་རང་ཉིད་ལ་ཡང་སློབ་སྦྱོང་དང་ཉམས་མྱོང་མང་པོ་གསོག་རྒྱུ་འདུག
དྲི་བ། ཁྱེད་རང་གིས་དྲག་རྩལ་འགྲན་སྡུར་ལས་རྒྱལ་ཁ་ཐོབ་སྐབས་བོད་པ་ཚོས་ག་རེ་ལབ་ཀྱི་འདུག བོད་པ་དྲག་རྩལ་བ་ཚོས་ག་རེ་ལབ་ཀྱི་འདུག
ལན། བོད་པ་ཚོས་ཁྱེད་རང་གིས་བོད་པའི་མིང་ཁུར་ནས་དྲག་རྩལ་ཐོག་སྐད་གྲགས་བཞག་པ་རེད། ཡག་པོ་རེད། རྗེས་སུ་ཡང་ཉམས་ཆག་མ་ཕྱིན་པ་བྱས་ནས་ཡར་རྒྱས་གཏོང་རྒྱུ་དང་། རིགས་གཅིག་རྐང་འཛིན་བྱེད་རྒྱུ་གལ་ཆེན་རེད་ཅེས་བརྗོད་ཀྱི་འདུག མི་རིགས་འདྲ་མིན་གྱི་དྲག་རྩལ་བ་དང་འགྲན་སྡུར་བྱེད་སྐབས་ངས་ཕར་ཕྱོགས་ཀྱི་ཁ་གཏད་ལ་འཛིང་སྟངས་ག་འདྲ་དགོས་མིན་ཉམས་མྱོང་དང་སློབ་སྦྱོང་ཡང་རག་གི་འདུག
མེ་སོར་གསར་འགོད་པས་བཅར་འདྲི་བྱས།
{jcomments on}