བོད་ཀྱི་ལོ་རྒྱུས་ཀྱི་རྨ་ཁ་དང་རྒྱ་གཞུང་གི་དགའ་སྟོན།

 

 འདས་པའི་མི་ལོ་དྲུག་ཅུའི་རིང་རྒྱ་ནག་དམར་པོས་གཞུང་གིས་བཙན་ཤེད་ཀྱི་བོད་ཀྱི་བདག་དབང་ཡོངས་སུ་འཕྲོག་ཏེ་ཆེས་གདུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་སྲིད་ཇུས་འདྲ་མིན་སྣ་དགུའིི་འོག་བོད་ཀྱི་མི་རྒྱུ་གཉིས་ཀར་སྔར་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གྱོང་གུན་ཧ་ཅང་ཚབས་ཆེན་དང་ལྷག་པར་དུ་འཛམ་གླིང་གི་གཅེས་ནོར་དུ་འབོད་པའི་ལོ་ངོ་སྟོང་ཕྲག་འགའི་རིང་གི་འོད་སྟོང་འབར་བའི་རིག་གཞུང་ཉམས་དམས་དང་།  བོད་ཀྱི་སྐད་ཡིག་སྤྱོད་བཀོལ་མི་ཆོད་པའི་ཁོར་ཡུག་འོག་མི་རིགས་ཀྱི་ཁྱད་ཆོས་མཐའ་དག་ཡོངས་སུ་བཅོམ་ཏེ་བོད་ཅེས་པ་མིང་གི་ལྷག་མར་འགྱུར་རྒྱུའི་ལྟས་ཡོངས་སུ་འཆར་འགོད་ཟིན་པ་དང་།  རྒྱ་ལུགས་རིག་གནས་དང་རྒྱ་ཡིག་རྒྱ་སྐད་ཀྱི་སློབ་གསོ་ཤུགས་ཆེན་པོས་ཁྱབ་སྤེལ་དང་རྒྱུད་སྐུལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁོར་ཡུག་སོགས་ཀྱི་མནོན་ཤུགས་འདྲ་མིན་གྱི་སུན་བཙེར་འོག་བོད་འདི་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་མེད་པའི་རྒྱ་ལུགས་ཅན་དུ་འགྱུར་རྒྱུའི་སྔ་ལྟས་ཡོངས་སུ་གོ་རིམ་ཡོད་པ་དང་འཆར་གཞི་ལྡན་པ་།  ཆབ་སྲིད་ཀྱི་རང་བཞིན་ལྡན་པའིོ་སྲིད་ཇུས་གཏིང་ཟིན་པ་དང་ལག་ལེན་བསྟར་བཞིན་པ་རེད།  དེ་ཙམ་མ་ཟད་ཆོས་ལུགས་དད་པ་རང་དབང་ལ་ཚད་འཛིན་དང་བཀག་བསྡོམས། གང་འདོད་ལྟར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་བཏང་བཞིན་པ་སོགས་མདོར་ན་འདས་ཟིན་པའི་མི་ལོ་དྲུག་ཅུ་དེ།   ཁོང་ཚོས་ཁྱབ་བསྒྲགས་བྱེད་པ་ལྟར་ཞིང་འབྲོག་ཁྲི་ཚོར་བརྒྱར་ཞི་བའི་བཅིངས་བཀྲོལ་ཐོབ་ཏེ་མཛེས་སྡུག་འོད་སྟོང་འབར་བའི་རང་ས་རང་བདག་དང་རང་ཁྱིམ་རང་སྲུང་གི་སྤྱི་ཚོགས་གསར་པའི་ཕྱོགས་སུ་གོམ་པ་སྤོས་པ་མི་ཡིན་པར།  དེ་ལས་ལྡོག་ཏེ།   བོད་ཀྱི་ཞིང་འབྲོག་མང་ཚོ་དང་སྐྱ་སེར་རྒན་གཞོན་ཁྲི་ཚོ་མང་པོའི་རང་དབང་གི་ཐོབ་ཐང་ཡོངས་སུ་ཤོར་ཏེ་ཆེས་མུན་ནག་དང་གདུག་རྩུབ་ཀྱི་ཕྱོགས་སུ་བསྐྱོད་པའི་ཆེས་མ་རུང་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་བ་ཞིག་ཏུ་སླེབས་པའི་མི་ལོ་དྲུག་ཅུ་ཡིན་ཞིང་།   ལོ་ངོ་ཁྲི་སྟོང་གི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་ཆེན་མོའི་ནང་གི་འོད་སྟོང་འབར་བའི་བོད་ཀྱི་ཆོས་ཆོས་རིག་ལ་གོད་ཆགས་ཚད་མེད་ཐེབས་པའི་མི་ལོ་དྲུག་ཅུ་ཡང་རེད།   དེ་རིང་གི་དུས་འདིར་ཀླད་སྙིང་རུས་གསུམ་བོད་ལ་དུངས་ཤིང་ཁ་མིག་རྣ་གསུམ་གངས་ཅན་པར་ཕྱོགས་པའི་མི་བུ་མཐའ་དག་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མྱ་ངན་དུས་དྲན་ཞིག་ཏུ་བརྩིས་ཏེ་གདུང་སེམས་བསྐྱེད་དགོས་པ་ལས་གུང་ཁྲན་གཞུང་གིས་དུས་དྲན་མཛད་སྒོ་འདིར་དང་ལེན་དང་ཡི་རང་།  ངོས་ལེན་བྱ་ཐབས་ག་ལ་ཡོད།