མཁན་པོ་ཨ་ཁྱིག་སྐུ་གཤེགས་པ།
གནས་ཚུལ་གོ་ཐོས་བྱུང་བ་ལྟར་ན། ཁོང་སྐུ་གཤེགས་པ་དང་། གནས་ཚུལ་ཕྱི་ཕྱོགས་སུ་མ་བསྒྲགས་པར་གསང་བ་བྱས་ཡོད་པ་དང་། མཁན་པོ་གང་ཉིད་ཀྱིས་ཐུན་མིན་གྱི་འདས་རྟགས་དམིགས་བསལ་བསྟན་པའི་གནས་ཚུལ་ཡང་འདུག
ཨ་ཁྱིག་རིན་པོ་ཆེའམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་སྐུ་མྱ་ངན་ལས་འདས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་སྐབས་སྔ་འགྱུར་གྲུབ་དབང་རྫོགས་ཆེན་དགོན་ནས་བོད་ཟླ་ ༦ ཚེས་ ༡ ཉིན་སྐྱབས་རྗེ་དམ་པར་རྗེས་དྲན་མཆོད་འབུལ་ཞུས་ཡོད་པ་དང་། ཁྱད་པར་བོད་ཟླ་ ༦ པའི་ཚེས་ ༤ ཆོས་འཁོར་དུས་ཆེན་སླར་ཡང་མཆོད་འབུལ་གང་ཐུབ་བྱེད་རྒྱུ་ཡིན་པ་རེད། གྲུབ་དབང་ལུང་རྟོགས་རྒྱལ་མཚན་ནི་ཁྲོམ་དགེ་་ཨ་རིག་གི་དངོས་སློབ་ཡིན་པ་དང་། སྐུ་ཉིད་ནས་ཡ་ཆེན་ཆོས་སྡེ་གསར་འཛུག་གནང་ནས་ད་ལྟ་འཁོར་འདུས་པ་སྟོང་ཕྲག་བརྒྱད་དགུ་ཡིན་པ་དང་། གཙོ་བོ་སྒོམ་ཉམས་ལེན་གཙོ་ཆེར་བྱེད་པའི་སྒྲུབ་པའི་ཆོས་སྡེ་ཆེ་ཤོས་སུ་གྱུར་ཡོད། ཉེ་སྔོན་གངས་ཅན་མཁས་པའི་དབང་ཕྱུགས་མཁན་ཆེན་ཚུལ་ཁྲིམས་ཀྱིས་དགོངས་དོན་བཞིན་མི་འགྱང་བར་བཤད་གྲྭའང་འཛུགས་འཆར་ཡོད་པ་རེད། འཁོར་འདུས་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་ཁྲོད་ན་བླ་རུང་ཆོས་སྒར་གྱི་འཕྲོ་ནས་ཡ་ཆེན་ཆོས་སྡེའི་འཁོར་སློབ་མང་ཞིང་ཉམས་ལེན་བཟང་བའི་ཆོས་སྡེ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་མཁོ་སྤྲོད་བྱེད་སོང་།།
བྷེལ་ཀོབ་གསར་འགོད་པས།