གྲྭ་བཙུན། གཞན་གཅེས། ལག་ལེན།
འོན་ཀྱང་བླ་མའི་རྒྱལ་ཁབ་ཀྱི་ཉམ་རྒུད་དང་བོད་མི་རིགས་ཀྱི་སྲོག་རྩར་རྨས་སྐྱོན་ཤོར་བའི་ཉིན་མོ་ནས་བླ་མའི་རྒྱལ་ཁབ་འགྱེལ་སྐྱོར་ཉམ་གསོའི་བྱ་འགུལ་གྱི་ཁྲོད་དུ་གྲྭ་བཙུན་ཚོས་རང་གིས་ཡུན་རིང་ངལ་དགུས་བརྩོན་པའི་རིག་གཞུང་གི་རིན་ཐང་སྟེ་གཞན་གཅེས་དང་སྙིང་སྟོབས་ཀྱི་ཉམས་ལེན་ལ་ཞུགས་ཏེ་མིའི་རིགས་ཀྱི་ལེགས་ཕྱོགས་ཀྱི་ངོས་ནས་མཛད་རྗེས་རླབས་ཆེན་བསྐྱངས་ཡོད།
ང་ཚོས་ཛ་དྲག་དང་གཡོ་ཆོམ་ཆེ་བའི་ལོ་གཉིས་ཏེ་༢༠༠༨དང༢༠༠༩གཉིས་ཀྱི་ནང་དུ་ཞིབ་བལྟ་བྱེད་སྐབས་གྲྭ་བཙུན་ཚོས་ཚེ་སྲོག་གཏའ་མར་བཞག་སྟེ་མི་རིགས་ཀྱི་ལ་རྒྱ་བཟུང་ནས་བདེན་པའི་འཐབ་རྩོད་བྱས་པ་མཐོང་ཐུབ་ལ་གདུང་འབོད་དང་མིག་ཆུའི་ཀློང་ནས་བདེན་པའི་གད་རྒྱངས་བསྒྲགས་པའང་ཐོས་ཐུབ།
བོད་མིི་རིགས་ཀྱི་ལས་དབང་ལ་གོད་ཆག་འབྱུང་སྐབས་རང་ཉིད་བློས་གཏོང་གིས་སྔོན་དུ་ཐོན་མཁན་གྲྭ་བཙུན་ཚོ་ཡིན་ལ་བློ་ཡུལ་ལས་འདས་པའི་རང་བྱུང་གོད་ཆག་གི་འཇིགས་པ་བྱུང་སྐབས་ཉེན་སྐྱོབ་རོགས་འདེགས་ཀྱི་སྔོན་ཐོན་བྱེད་པོའང་གྲྭ་བཙུན་ཚོ་ཡིན། འཇིག་རྟེན་གོ་ལའི་ཁྱོན་ལ་གདེང་འཇོག་དང་བསྟོད་བསྔགས་ཀྱི་ཡུལ་དུ་བཤམ་པའི་བོད་ཀྱི་རིག་གཞུང་སྟེ་ནང་བསྟན་ཆོས་ལུགས་ཀྱི་རྒྱུད་འཛིན་དར་སྤེལ་བའང་གྲྭ་བཙུན་ཚོ་ཡིན་ལ་བོད་གངས་ཅན་གྱི་བསམ་བློའི་གཏེར་མཛོད་ཆེན་མོའང་གྲྭ་བཙུན་ཚོ་ཡིན།
གྲྭ་བཙུན་ཚོར་ཉེས་སྐྱོན་གྱི་ཕྱོགས་ངོས་ཡོད་པའང་བདེན་པ་ཡིན། དེ་ནི་གྲྭ་བཙུན་ཙམ་མ་ཡིན་པར་འགྲོ་བ་མིའི་རིགས་ཀུན་ལ་ཁྱབ་པའི་ཆོས་ཉིད་ཀྱི་བླ་རེ་ཞིག་ཡིན་པའི་གནས་ལུགས་བསམ་ན་རྒྱུ་མཚན་འདིས་གྲྭ་བཙུན་ཚོས་རིན་ཐང་གི་སྒྲོན་མེ་ནག་བསུབ་བྱེད་ཐབས་མེད། གྲྭ་བཙུན་ཚོས་འཆལ་སྤྱོད་བསྟེན་ཚུལ་གླེང་། གྲྭ་བཙུན་ཚོས་ནག་ཚོང་རྒྱབ་རབས་བཤད། གྲྭ་བཙུན་ཚོས་རྒྱུ་ནོར་སྒེར་སྤྱོད་བྱས་ཚུལ་སྒྲོག གྲྭ་བཙུན་ཚོས་མི་རིགས་ཉུང་འཕྲི་གཏོང་བར་འགྲེལ། རེད་་་ངོས་གཞན་ཞིག་ནས་བལྟས་ན་འདི་དག་ལ་རྒྱུ་མཚན་མེད་པ་མིན།
ཡིན་ན་ཡང་གྲྭ་བཙུན་ཚོ་ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་མི་འོས། རྒྱུ་མཚན་ནི། ཁྱོད་ཀྱི་མིག་མདུན་གྱི་གྱོན་ཆས་དམར་པོ་ཅན་དེ་ཚོས་གྲྭ་བཙུན་ཚོའི་ཚབ་བྱེད་མི་ཐུབ། དེ་ནི་འཚོ་བའི་ཟློས་གར་གྱིས་བསླུས་པའི་རྣམ་པ་གཞན་ཞིག་དང་། འཇིག་རྟེན་སྒྲུབ་ཐབས་ཀྱི་ཚུལ་ཆོས་ཀྱི་རྣམ་པ་གཞན་ཞིག་ཡིན། ཁྱེད་ཀྱིས་སྤྱན་ཟུང་ལེགས་ཕྱོགས་ནས་གཟིགས་འོས། ཁྱོད་ཀྱིས་གྲྭ་བཙུན་ཚོ་གནས་ལུགས་དང་ཞི་བདེའི་ཁོར་ཁུག་ནས་འཚོལ་དགོས། བྱམས་བརྩེ་དང་གཞན་གཅེས་ཀྱི་གཞིས་ཁྱིམ་ནས་འཚོལ་དགོས། བོད་མའི་རིན་ཐང་མཐོང་བའི་ཕྱི་རྒྱལ་གྱི་མཁས་དབང་དག་གི་མིག་ནང་ནས་འཚོལ་དགོས།
བོད་གངས་ཅན་པར་བྱམས་བརྩེའི་བཟང་སྤྱོད་ཀྱིས་བསྔགས་བརྗོད་འཁྲོལ་བའི་རྒྱབ་ལྗོང་ནས་འཚོལ་དགོས། འཚོལ་སྟངས་འདིས་ཁྱོད་ལ་ངེས་ཤེས་གསར་བ་ཞིག་དང་། གོ་རྟོགས་གསར་བ་ཞིག ཡང་ན་དོགས་སློང་གསར་བ་ཞིག་སྦྱིན་ངེས ངས་འདི་ལྟར་བརྗོད་པ་ནི་ང་རང་གྲྭ་བ་ཡིན་པའི་རྒྱུ་མཚན་གྱིས་མིན་པར་རིན་ཐང་དངོས་གནས་དེ་ནག་བསུབ་གཏོང་ཐབས་མེད་པར་རིན་ཐང་རིན་ཐང་དུ་ཤེས་དགོས་པ་དང་ཉེས་སྐྱོན་ཉེས་སྐྱོན་དུ་ཤེས་དགོས་པའི་གནས་ལུགས་བསྒྲག་བསམ་པས་ཡིན།
དེས་ན་ཁྱེད་ཀྱིས་ཁྱོད་རང་གྲྭ་བ་ཡིན་པའི་རྒྱུ་མཚན་དེ་ང་ལ་མ་གསུང་རོགས།།