༄༅།། སེམས་ལ་ལྷུང་བའི་མེ་ཏོག་ཞིག།

 

ལང་ཚོའི་གཉོམ་ལག་རྒྱས་ཏེ།། ལང་ཚོ་གཞན་གྱི་བཅོམ་ཟིན།།

སེམས་ཀྱི་ཡིད་འོང་ལྷ་མོ།། ཁྱེད་དང་གསོན་བྲལ་བྱུང་བ།།

འཇིག་རྟེན་འདི་ངོགས་ཡིན་པ།། སེམས་པ་གྲོག་ཆུའི་གྲང་བ།།

ལས་དབང་ཨ་ཤོག་སྐྱ་ཤོག། རླུང་བུའི་ཕར་བསྐྱོད་ཚུལ་བསྐྱོད།།

སྙིང་ན་རྒྱུ་བའི་ན་ཟུག། ལྷ་མོའི་བཞག་པ་ཡིན་ནམ།།

ཐང་ཆེན་དཀྱིལ་ན་འཁྲུངས་པའི།། མཛེས་སྟུག་སྤང་རྒྱན་དཀར་པོ།།

ཇི་འདྲའི་ཡིད་དུ་འོང་བ།། ང་ཡི་ལྷ་མོ་འདྲ་འདྲ།།

མཆོང་སྨིག་རྫ་རིའི་སྐེད་ནས།། ཤྭ་བ་ཕོ་མོའི་བརྩེ་དུང་།

ང་ཡི་མིག་ལ་མཐོང་སྐབས།། ལྷ་མོའི་བརྩེ་དུང་དྲན་དྲན།།

རྨི་ལམ་ཞིང་ལ་ཆས་སྐབས།། ལྷ་མོ་རྨི་ལམ་བཏང་བྱུང་།

དུང་སེམས་འཛུམ་པའི་རླབས་ཕྲེང།། ད་དུང་གྲོང་ན་འཕྱུར་འཕྱུར།།

ལྷ་མོ་གང་ལ་འཕུར་སོང་། ཞབས་རྗེས་གང་ནས་འཚོལ་དགོས།།

རི་ཆུ་འཕྲེད་ཀྱིས་བཅད་ཆོག། ཁྱེད་ཀྱི་གམ་དུ་བྱིན་ཆོག།

ལྷ་མོའི་གནང་བའི་པར་རས།། ད་དུང་སྣོད་ན་ཉལ་ཡོད།།

ལྷ་མོའི་མིག་་ཆུ་དྲོན་མོ།། སེམས་ཁོང་དཀྱིལ་ན་འཁྱིལ་ཡོད།།

གཙང་བོའི་ཕ་བོང་འགྲམ་ནས།། འགྱུར་མེད་དམ་བཅའི་འོ་དོད།།

སེམས་ཀྱི་གསང་ལ་བྲིས་པ།། ནམ་ཡང་འགྱུར་བ་མེད་དོ།།