རང་ལུས་མེ་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ།

གནས་ཚུལ་དེ་བྱུང་རྐྱེན་གཙོ་བོ་ནི་འདི་ལོའི་སྐུའི་འཁྲུངས་སྐར་སྐབས་ཁམས་རྟའུ་ཉ་མཚོ་དགོན་དང་བཙུན་དགོན་གཉིས་ཀྱིས་གཙོས། མི་མང་ཁྲི་གཅིག་ལྷག་ཙམ་གྱིས་ས་ཁུལ་རང་གི་གཞི་བདག་ལྷ་རིའི་ཐོག་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་གོ་སྒྲིག་འཐུས་ཚང་བྱས་ཡོད་པ་དང། རྒྱ་གཞུང་གིས་གནས་སྟངས་དེ་ཤེས་རྟོགས་བྱུང་ནས་དམག་མི་ཕོན་ཆེན་བཏང་སྟེ་ལྷ་རིའི་མཐའ་བསྐོར་ཏེ། མང་ཚོགས་ཀྱིས་ལྷ་གསོལ་དང་མཆོད་འབུལ་སོགས་བཀག་འགོག་བྱས་ཡོད་པ་རེད། ད་དུང་རྟའུ་རྫོང་དཔོན་གྱིས་ཐུང་མདའ་ཞིག་བཏོན་ནས་མི་སུ་འདྲ་ཞིག་གིས་སྐད་འབོད་དང་ངོ་རྒོལ་བྱས་ན་གསོད་རྐྱང་ཡིན་ལ། དམག་མི་ཚོ་ལའང་མི་གསོད་ཆོག་པའི་ཆོག་མཆན་སྤྲད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།  

ཚེས་༡༥ ཉིན་གྱི་དགོང་མོར་དགོན་པ་དང་གྲྭ་མང་སྲུང་སྐྱོབ་ཀྱི་ཆེད་དུ་དགོན་པའི་ཉེ་འཁོར་རུ་མི་མང་ཁྲི་ཚོ་གཅིག་ཙམ་འཛོམས་སྐབས། ར་འ་རྒྱལ་མཚན་ཞེས་པ་མི་སྐྱ་ཞིག་དགོན་པའི་ཤར་སྒོ་ཕྱོགས་ནས་འཛུལ་གྲབས་བྱས་ཀྱང་འཛུལ་ཐུབ་མེད་པ་དང། དེ་ནས་དགོན་པའི་བྱང་ངོས་ནས་འཛུལ་སྐབས་རྒྱ་མི་ས་གནས་ཉེན་རྟོག་པ་དང་དམག་མིས་འཛིན་བཟུང་བྱས་ཏེ་ཉེས་རྡུང་ཚད་མེད་བཏང་རྗེས་བཀག་ཉར་བྱས་ཡོད་པར་བརྟེན། དགོང་མོའི་ཆུ་ཚོད་༡ ནས་༢ བར་དུ་མཆོད་འབུལ་གནང་པ་དང་།  ཚོུད་༢ ནས་ཞོག་པའི་༥ བར་མི་མང་གིས་ར་འ་རྒྱལ་མཚན་གློད་གྲོལ་གཏོང་དགོས་ཀྱི་ཡོད་ཅེས་སྐད་འབོད་བརྒྱབ་ཡོད་པ་དང། ཟླ་འདིའི་ཚེས་༡༦ ཉིན་གྱི་ཞོག་པར་ཁོང་གནས་སྐབས་གློད་གྲོལ་བཏང་ཡོད་པ་རེད།ད་ལྟའི་སྐབས་རྟའུ་རྫོང་ཐོག་ཏུ་ཡོད་པའི་དགོན་པའི་ནང་ཕྱོགས་མཐའ་ཁག་ནས་ཡོང་མཁན་མི་མང་ཚོ་དམ་དྲགས་ཀྱིས་བཀག་འགོག་བྱེད་བཞིན་ཡོད་པ་དང། དེའི་ནང་ནས་ན་ཝ་ཟམ་ཆེན་གྱི་ཐོག་ཏུ་དམ་དྲགས་བྱས་ནས་ཁང་གསར་ཕྱོགས་ནས་ཡོང་མཁན་གྱི་མི་མང་ཚོ་ཟམ་པའི་ཐོག་ནས་ཤོར་གྲབས་བྱེད་ཀྱི་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོག་ནས་གནས་ཡོད་པ་དང། མི་འགའ་ཤས་ཟམ་པའི་ཐོག་ནས་མ་ཡོང་བར་རི་བསྐོར་ནས་ཡོང་ནས་རྫོང་ཐོག་ཏུ་འབྱོར་ཡོད་ཅིང་། དགོན་པའི་ཤར་ཕྱོགས་ཀྱི་ཙོ་རི་ཟམ་པ་བཀག་ནས་དེའི་ཕྱོགས་ཀྱི་བོད་མི་རྣམས་དགོན་པ་དང་རྫོང་ཐོག་ཏུ་འགྲོ་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པ་དང།  རྒྱུན་དུ་དགོན་པའི་འཐུང་ཆུ་ཕྱི་ལོགས་ནས་ལེན་དགོས་ཀྱི་ཡོད་པས། ད་ལྟའི་སྐབས་གྲ་པ་ཚོ་ཕྱི་ལོག་ཕེབས་རྒྱུ་བཀག་འགོག་བྱས་ཏེ་འཐུང་ཆུའི་དཀའ་ངལ་དང། དེ་བཞིན་རྒྱ་གཞུང་གིས་ཚེ་དབང་ནོར་བུའི་སྐུ་ཕུང་དགོན་པའི་ནང་བཞག་ཆོག་གི་མེད་ཕྱིར་རྩིས་སྤྲོད་དགོས་ཀྱི་ཡོད་ཅེས་བརྗོད་བཞིན་ཡོད་པ་སོགས། རྟའུ་མི་མང་ལ་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

གནས་ཚུལ་མཁོ་སྤྲོད་པ་ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས།