ཁྱོད་ནི་ནམ་ཡང་གཟིམ་མེད་ཀྱི་མར་མེ་རྐང་གཅིག

གངས་རིར་བཅིངས་པའི་ཁྱོད་ཀྱི་བརྩེ་སེམས་ཕྲ་མོ

མར་མེ་རྐང་གཅིག་སྤྲུལ་ཏེ་ལྷམ་མེར་འབར་སོང


ལོ་རྒྱུས་དེབ་ཐེར་ངོས་ན་ཁྱོད་ནི་ནམ་ཡང་

འོད་ཏུ་འཚེར་བའི་གཟིམ་མེད་མེ་ལྕེ་ཟླུམ་པོ

ཁ་བའི་གླེགས་བམ་ཅིག་གི་གཟུགས་སུ་སྤྲུལ་ཏེ

དུས་རབས་ཤིག་གི་ལོ་རྒྱུས་རྡོ་རིང་བཙུགས་སོང

 

ཁྱོད་ཀྱི་སྙིང་སྟོབས་དགུང་དུ་འཕྱུར་བའི་མེ་ལྕེས

སྡུག་ཅན་ཀླ་ཀློའི་སྙིང་ཁམས་ཚལ་བར་གཤགས་ཅིང

རིགས་མཐུན་སྤུན་ཟླ་སྟོང་གི་ལས་དབང་ནག་པོ

དཀར་དམར་འོད་ཐིག་ཅིག་གིས་དགུང་དུ་བཏེགས་སོང

 

རིང་ནས་མཛའ་མཐུན་འབྲེལ་འདྲིས་ཟབ་པའི་གྲོགས་གཅིག

རྒྱ་གར་རང་དབང་སླར་གསོའི་དུས་དྲན་ཉིན་མོར

མ་བསྒྲིགས་རང་འགྲིགས་ངང་གིས་ཁྱོད་ཀྱི་འབོད་སྒྲས

མགོ་ནག་མི་ཡི་རང་དབང་རྟེན་འབྲེལ་འགྲིག་སོང

 

གོ་ལ་རིལ་མོ་མེ་ལྕེའི་ཞལ་ཏུ་བསྟུམས་ཏེ

འོད་ཀྱིས་ཉི་ཟླའི་འབར་བའི་ཟེར་ལ་མགྲན་ཀྱང་

ཁྱོད་ཀྱི་སྙིང་སྟོབས་དགུ་འགྱུར་འབར་བའི་གཟི་ལ

མགྲན་པའི་ནུས་པ་བསྐལ་བའི་མཐར་ཡང་ཕྲ་སོང

  

༢༠༡༡ལོའི་ཕྱི་ཟླ་༠༨པའི་ཚེས་༡༥ལ་རྒྱལ་གཅེས་སྐུ་གཤེགས་དཔའ་བོ་རྟའུ་ཚེ་དབང་ནོར་བུས་རང་ལུས་མེར་སྒྲོན་ཏེ་རང་དབང་གི་འབོད་སྒྲ་སྒྲོག་པའི་དྲན་རྟེན་གྱི་ཚུལ་དུ་ཕུལ།