གནམ་སྒོ་བཀལ་བའི་ཐོ་ཡིག།
གློ་བ་དཀར་པོའི་སེམས་ཁམས་བསྲེས་ས།།
དར་རྒུད་ཁྲོད་ཀྱི་ཡིག་རིས་རྒས་པོ།།
ཞལ་ཆེམས་སྟོང་གི་ཉེན་ཁ་གཞའ་ས།།
ཏུན་ཧོང་ཕུག་པའི་གསང་བ་འཆམ་འདུག།
ཞང་བོད་གནའ་བོའི་གསེར་སྒྲོམ་ཁུར་བོ།།
ཁྱིམ་གཞི་རྙིང་པའི་ལྟག་སྒོ་ཕེབས་དུས།།
ས་ཆེན་ཆོད་པའི་རིག་པ་འཁྱམས་པོ།།
གླེགས་བམ་ཁྲོད་ཀྱི་སྲོག་རྩ་གྱུར་འདུག།
གྲུབ་མཐའ་འཁྲེང་བའི་བློ་ཁ་དོག་པོ།།
ཕན་ཚུན་འཁོན་པའི་འདུ་ཤེས་རྣོན་པོས།།
དཀྱིལ་འཁོར་ཞིག་གི་ལྷ་ཚོགས་གཏོར་དུས།།
རྒྱལ་ཕིབས་གསེར་གྱི་འོད་མདངས་ཕམ་སོང་།
གཤིན་སྟོན་རིག་པའི་སྤར་ཁ་གློད་དུས།།
སྒྲུང་ལྡེའུ་བོན་གསུམ་རིག་རྩལ་དར་བས།།
པུར་རྒྱལ་བོད་ཀྱི་སྲིད་ཁྲིམས་འགོར་པོ།།
མི་རིགས་ཤིག་གི་ལེའུ་བསྐྲུན་འདུག།
ཉི་འོད་མཐིལ་གྱི་སྒང་པ་བོད་ཅེས།།
བཤད་ཡམས་སྟོང་གིས་ཚོན་སྣ་བསྲེས་ཏེ།།
མི་སྐད་གྱེར་བའི་ལོ་རྒྱུས་རིགས་མཛོད།།
སྡེབས་སྟངས་ཤིག་གིས་གནམ་སྒོར་བཀལ་འདུག།
བཀའ་ཡིག་བཙན་པོའི་ཨ་ལན་རྒོལ་བའི།།
སྙེ་མང་ཐང་གི་གློ་བ་རྒོད་པོ།།
རིག་པ་བྲིས་ཏེ་ཤིང་སྙུག་ཁེམ་བུས།།
གསེར་ཕྱེ་འཐུང་བའི་གླེགས་བམ་སྐྱུག་འདུག།
ཁོག་པ་འབར་བའི་གས་འཐོར་ཆེན་པོས།།
མུན་པའི་གྲོང་ལ་བཀྲགས་རྩི་ཕབ་དུས།།
འཇིག་རྟེན་བརྒལ་བའི་ཤེད་བུ་དཔུང་གིས།།
ཤེལ་གྱི་ཁུང་ནས་ཁྱེད་རང་འཚོལ་འདུག།
རྐུབ་ཤ་འབྱར་བའི་རྐུབ་སྟེགས་འགའ་རེས།།
ཁོག་མ་རུལ་བའི་ན་ཟུག་པང་དུས།།
རྒྱལ་ཁབ་བཀལ་བའི་མེ་ལོང་ཧར་པོས།
ངོ་གདོང་གཤེར་བའི་ཚད་བགམ་ཐུག་འདུག།
2011/8/24
