འདི་མ་ཡུམ་སློབ་གྲྭའི་བྱམས་བརྩེ་ཡིན་ནམ།
བོད་ནང་ནས་རེ་བ་ཆེན་པོ་བྱས་ཏེ་ཕ་མ་ཚོས་ཕྲུ་གུ་རྒྱ་གར་དུ་བཏང་བ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་སྐྱེལ་བཞིན་ཡོད་ལ། དེར་གནས་མལ་སློབ་སྦྱོང་གྲ་སྒྲིག་གང་འཚམས་ཡོད། ཡིན་ཡང་སློ་གྲྭ་རེ་ཟུང་ནང་འཛིན་སྐྱོང་གིས་ལྟ་སྐྱོང་གིས་མ་འདང་བ་དང་། ཡང་ན་སློབ་མ་སྤྱོད་པ་ངན་པ་སོགས་ཀྱིས་ཧང་སང་དགོས་པའི་དཀའ་ངལ་འཕྲད་མཁན་འབྱུང་གི་ཡོད་པ་རེད།
ཉེ་ཆར་ཕྱི་ཟླ་༨ ཚེས་༥ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་དུ་སློབ་མ་ཞིག་ལ་རྒན་བདག་གཉིས་ཀྱིས་རུབ་རྡུང་བྱས་ནས་བསད་པ་རེད། སྐབས་དེར་སེམས་པ་ཧ་ཅང་ཕངས་པོ་བྱུང་ཡང་། གོང་རིམ་ནས་ཐག་གཅོད་ཡག་པོ་ཞིག་ཡོང་རྒྱུར་རེ་བྱས་པ་ཡིན། ཡིན་ཡང་ངས་ཤེས་ཚོད་ལྟར་ན་དམིགས་བསལ་ཐག་གཅོད་གང་ཡང་མི་འདུག
དེ་ནས་གནད་དོན་དེའི་འབྱུང་རྐྱེན་སྐོར་ལ་བསམ་གཞིག་བྱས་ཏེ། སྡུག་སྐད་ཅིག་མི་རྒྱག་ཐབས་མེད་བྱུང་སོང་། བོད་ནས་འབྱོར་བའི་སློབ་མ་ཚང་མ་བོད་ཁྱིམ་སློབ་གྲྭ་ཁག་ཏུ་གཏོང་གི་ཡོད་ལ། ཁོང་ཚོ་མང་ཆེ་བར་སློབ་གྲྭ་ལས་ནང་དང་ཕ་མ་སོགས་གང་ཡང་མེད། དེ་ན་སློབ་གྲྭའི་ལྟ་སྐྱོང་ཡང་དམིགས་བསལ་ཞིག་དགོས་ངེས་རེད། བསད་བཞག་པའི་སློབ་མ་དེ་ཐ་མག་འཐེན་ཏེེ་སྒྲིག་འཛུགས་དང་འགལ་བ་རེད་ཟེར། དེ་ན་རྒྱལ་སྤྱིའི་ཁྲིམས་དང་བོད་ཁྲིམས། ཡུལ་ཁྲིམས། སློབ་གྲྭའི་སྒྲིག་ཁྲིམས་སོགས་ཐམས་ཅད་ཀྱི་ནང་དུ་ཐ་མག་འཐེན་པ་དང་མི་བསད་པ་གཉིས་ལས་ཉེས་པ་སུ་ལ་ཆེ་ཡི་རེད།
གནད་དོན་དེ་ལྟར་བྱུང་བ་ལ་སློབ་གྲྭའི་སྒྲིག་འཛུགས་ཀྱི་ངོས་ནས་འགན་མ་ཁུར་བ་དང་འཐུས་ཤོར་ཕྱིན་པ་ཁག་ཅིག་འདུག
༡ སློབ་གྲྭའི་ནང་རྒན་བདག་ཚོས་སློབ་མར་རྡུང་ཆོག་པའི་འགན་དེ་སུས་སྤྲད་པ་རེད། ད་ཐེངས་གཅིག་པུ་མ་ཡིན་པར། སུ་ཇཱ་སློབ་གྲྭའི་ནང་རྒན་བདག་གིས་སློབ་མར་བརྡུང་སྟེ་གནས་ཚུལ་ལྷག་པ་ཐེངས་ཁ་ཤས་བྱུང་འདུག་ལ། ད་དུང་སློབ་མ་ཟུར་པ་ཁག་ཅིག་གིས་བརྗོད་པ་ལྟར། ད་ཐེངས་བསད་པའི་གནས་ཚུལ་ལྷག་པ་རེད་མོད། ཁྱིམ་ཚང་གི་ཕྲུ་གུ་ཆུང་བ་ཚོར་རྒན་བདག་དང་ཕ་ཚབ་མ་ཚབ་ཀྱིས་ཉེས་རྡུང་བཏང་བ་ནི་སེམས་ནས་བཟོད་ཐབས་མེད་པ་ཞིག་རེད་ལ། རྒྱུན་ལྡན་ལྟ་བུ་རེད་ཟེར། དེའི་རིགས་ལ་འཛིན་སྐྱོང་གི་ངོས་ནས་བསྒྱུར་བཅོས་མ་བཏང་བ་འཐུས་ཤོར་ཆེན་པོ་རེད།
༢ སློབ་གྲྭའི་རྒན་བདག་ཚོར་དབང་ཆ་སྤྲད་དེ་སློམ་མར་ཉེས་རྡུང་གཏོང་བ་འདིས་སློབ་མ་ནང་ཁུལ་གྱི་འཆམ་མཐུན་ལ་གནོད་པ་མ་ཟད། འཛིན་སྐྱོང་གི་ངོས་ནས་འགན་མ་ཁུར་བ་ཞིག་ཀྱང་རེད། ཁ་སེང་མི་བསད་པའི་གནད་དོན་ལྷག་སྐབས་ཉེས་པ་དེ་སུ་ལ་ཡོད། འཛིན་སྐྱོང་ལ་ཉེས་པ་ཡོད་དམ། རྒན་བདག་ནི་སློབ་མའི་རང་སྦྱོང་སྐབས་སྐད་ཅོར་རྒྱག་མིན་དང་། འཛིན་ཁང་དང་ཉལ་ཁང་གཙང་སྦྲ་བྱས་ཡོད་མེད་ལ་ལྟ་ལྟོགས་བྱེད་མཁན་ལས། སློབ་མར་རྡུང་བའི་ཐོབ་ཐང་ཞིག་གང་ནས་ཡོད། འཛིན་སྐྱོང་ནས་རྒན་བདག་ཚོར་ལས་ཀ་དེ་སྤྲད་པ་ནི་གནད་འགག་ཆེ་བའི་རིགས་ལ་འགན་མ་ཁུར་བ་རེད། སུ་ཇཱ་སློབ་གྲྭའི་རྒན་བདག་ཟུར་པ་ཞིག་གིས་བརྗོད་དོན། རྒན་བདག་ལ་དཀའ་ངལ་ཆེན་པོ་འདུག སློབ་གྲོགས་ཚོ་དགའ་ཡི་མ་རེད། སློབ་མར་སྟངས་འཛིན་ནན་མོ་མ་བྱས་ན་དགེ་རྒན་ཚོས་བཀའ་བཀྱོན་གཏོང་གི་རེད་ཟེར། དེ་ན་སློབ་སྤྱི་དང་དགེ་ཆེ། སྒྲིག་འཛུགས་དགེ་རྒན། འཛིན་གྲྭ་དང་ཉལ་ཁང་དོ་བདག་གི་ལས་བྱེད་དགེ་རྒན་ཚོས་འགན་མ་ཁུར་བ་གསལ་པོ་རེད།
ལོ་སྔོན་མར་མ་སཱི་རི་བོད་ཁྱིམ་སློབ་གྲྭའི་ནང་སློབ་མའི་བར་འཁྲིག་སྤྱོད་ཀྱི་གནས་ཚུལ་བྱུང་བར་བརྟེན། སློབ་མ་བདུན་བརྒྱད་ཅིག་དང་ཕ་ཚབ་མ་ཚབ་བཅས་ཕྱིར་ཕུད་བཏང་བ་རེད། འཁྲིག་སྤྱོད་ཀྱི་གནད་དོན་བྱུང་བ་ལ་བརྟེན་ནས་ཚང་མ་ཕྱིར་ཕུད་བྱེད་པ་ནི་ཉེས་པ་ཆེ་དྲག་འདུག་ཅེས་བརྗོད་མཁན་མང་པོ་བྱུང་བ་རེད། འཛིན་སྐྱོང་གི་ལས་བྱེད་དགེ་རྒན་ཚོ་ཕྱིར་ཕུད་ལྟ་ཅི། ཉེས་པ་ཙམ་གཏོང་མཁན་ཡང་མེད་པ་རེད། ད་ཐེངས་ཡང་གཅིག་མཚུངས་རེད། སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་རྒན་བདག་གཉིས་ཕྱིར་ཕུད་གཏོང་རྒྱུ་བྱས་འདུག ཡ་མཚན་རེད། དངོས་གནས་འཛིན་སྐྱོང་གི་འགན་ཁུར་བར་ཉེས་པ་ཞིག་མེད་དམ། སྐུ་གྲོངས་པའི་དོ་བདག་སྤུན་མཆེད་ཚོས་རྒན་བདག་གཉིས་ཕྱིར་ཕུད་མ་གཏོངས་རོགས། མ་འོངས་པར་རྒན་བདག་ཚོས་སློབ་མར་རྡུང་མི་ཆོག་པའི་སྒྲིག་འཛུགས་བཟོ་རོགས་ཞེས་རེ་བ་བྱས་འདུག ད་དུང་འཛིན་སྐྱོང་གི་ངོས་ནས་ཐད་ཀར་རྒན་བདག་དེ་གཉིས་སྐུ་གྲོངས་པའི་སློམ་མའི་སྤུན་མཆེད་ལ་དངོས་སུ་ཐུག་བཅུག་འདུག སྟབས་ལེགས་པ་ཞིག་ལ་འཁྲུག་རྩོད་མ་ཤོར་བ་རེད། སྐབས་དེར་ཡང་འཁྲུག་རྩོད་ཤོར་ན་སློབ་གྲྭའི་འཛིན་སྐྱོང་ལ་འགན་མེད་དམ།
གནས་ཚུལ་འདི་འདྲ་ཆགས་སྐབས། བོད་གཞུང་ཤེས་རིག་ལས་ཁུངས་དང་། བོད་ཁྱིམ་དབུས་འཛིན་སྐྱོང་ནས་ཐག་གཅོད་ཅིག་ཡོང་བར་རེ་བ་བྱས་པ་ཡིན་མོད། གང་ཡང་མི་འདུག དུས་རྒྱུན་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་ཕྲུ་གུ་ཚོར་དགེ་རྒན་གྱིས་ཀྱང་རྡུང་མི་ཆོག་ཅེས་གསུང་གི་ཡོད་སྐོར་གོ་ཐོས་བྱུང་། དེ་ན་འཛིན་སྐྱོང་ནས་སློབ་མར་རྒན་བདག་ལ་རྡུང་བཅུག་ན་ཉེས་པ་སུ་ཡོད། སློབ་གྲྭའི་ནང་གི་དགེ་རྒན་སློབ་ཁྲིད་བྱེད་མཁན་རྣམ་པས་ཀྱང་འདིའི་རིགས་ཐུགས་སྣང་གནང་སྟེ། སློབ་མར་སློབ་གསོ་དང་གོང་རིམ་ལ་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་གསུངས་དགོས་པ་ཡང་གལ་ཆེན་དུ་མཐོང་སོང་། ད་དུང་དེའི་ཐད་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྤྱི་འཐུས་རྣམ་པས་ཀྱང་དེའི་རིགས་ལ་གཟིགས་སྐྱོང་གནང་དགོས་པར་མཐོང་། སྤྱིར་བཏང་ཁྲིམས་བཟོ་མཁན་རེད་མོད། ཐབས་སྡུག་གི་གནས་ཚུལ་དེ་འདྲ་ལྷག་སྐབས་མི་མང་གི་སྐུ་ཚབ་ཚོ་ས་གནས་སུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེ་ཡང་། གྲགས་འགུལ་ཙམ་ཡང་མི་འདུག
ཉེས་རྡུང་གཏོང་སྟངས་དེ་ཡང་བྱམས་བརྩེ་མེད་པ་ཞིག་རེད། རྒན་བདག་མང་པོས་རུབ་རྡུང་བྱས་པ་དང་། ཡར་ལངས་མ་ཐུབ་ཀྱང་ད་དུང་གཅར་རྡུང་བྱེད་ཀྱི་ཡོད་པ་རེད། འདི་མིའི་ཀུན་སྤྱོད་ལེགས་བཅོས་གཏོང་ཐབས་ཤིག་ཡིན་ནམ། རྒན་བདག་ཚོ་བུ་དང་བུ་མོ་ཁྱད་པར་མེད་པར་གཅར་རྡུང་བྱས་ཏེ་གནས་ཚུལ་ལྷག་འདུག བརྡུང་ནས་མ་ཚད། རྨས་སྐྱོན་བྱུང་བ། སྨན་ཁང་དུ་སྐྱེལ་དགོས་བྱུང་སོགས་ཀྱི་གནས་ཚུལ་བྱུང་འདུག
གནས་ཚུལ་འདིའི་རིགས་ལ་བསྒྱུར་བཅོས་ཤིག་གཏོང་དགོས་སམ། དོན་དམ་པར་ད་ཐེངས་ཀྱི་དོན་རྐྱེན་དེར་ཉེས་པ་སུ་ཡོད་སོགས་དཔྱོད་ལྡན་རྣམ་པ་དང་། འགན་དང་དབང་ཆ་ཡོད་མཁན་ཚོས་གཟིགས་པར་འཚལ།
ཕྱི་ལོ་༢༠༡༡ ལོའི་ཕྱི་ཟླ་༨ ཚེས་༢༥ ཉིན་སྤྲང་ཕྲུག་ཆོས་ཉིད་འོད་ཟེར་གྱིས།