མིག་དཔེ་བལྟས་ནས་མདུན་དུ་སྐྱོད།

འདི་ནི་ང་ཚོའི་མཐོང་ས་རིག་ས་ན་ཡོད་པའི་མི་མང་གི་སྟོབས་ཤུགས་དང་། ཆིག་སྒྲིལ་གྱི་སྟོབས་ཤུགས། མང་གཙོའི་སྟོབས་ཤུགས་བཅས་ཀྱི་གྲུབ་འབྲས་ཤིག་དང་དགེ་མཚན་ཞིག་ཡིན། ད་ནི་ང་ཚོས་ཀྱང་འདི་དག་ལ་མིག་དཔེ་ཡར་བལྟས་ཀྱིས་མང་གཙོ་ངོ་མ་ཞིག་དང་། ཆིག་སྒྲིལ་ངོ་མ་ཞིག མི་མང་གི་སྟོབས་ཤུགས་ངོ་མ་ཞིག་བཅས་ཀྱི་ནུས་པར་འཇུས་ནས་འགྲོ་བའི་སྟ་གོན་བྱ་དགོས།

ད་ནི་ང་ཚོས་མང་གཙོ་ནི་གང་དྲན་གང་བསམ་གྱི་བསམ་ཚུལ་ཆོ་མེད་དེ་ཚོ་སྤྱི་ཚོགས་སུ་འགྲེམས་ཐུབ་པ་ཙམ་གྱིས་ཆོག་པར་བསམ་པའི་འདུ་ཤེས་དེ་གློད་ཅིང་། སྒྲོ་འདོགས་སྐུར་འདེབས་ཀྱི་གཏམ་ཉོག་རུལ་བ་དེ་ཚོ་རླུང་འཕྲིན་དང་ཚགས་ཤོག་ངོས་སུ་བསྒྲགས་ཐུབ་པ་ཙམ་གྱིས་འགྲིག་པར་བསམ་པའི་ལྟ་ཚུལ་དེ་དོར་ནས། རང་གི་སྒྲིགས་འཛུགས་དང་སྤྱི་སྒེར་གང་རུང་ལ་སྐྱོན་བརྗོད་ཁོ་ན་བྱེད་པ་ལས་རང་གིས་གང་ཡང་བསྒྲུབ་མི་དགོས་པར་འདོད་པའི་སྒེར་སེམས་དེ་གཏོར་ཏེ་རྟོགས་པ་སད། གཉིད་ལས་སད། རང་ཉིད་ནས་འགོ་བརྩམས་ཤིང་འགྲོ་དགོས་པའི་དམ་བཅའ་འཇོག་རན།

ད་ནི་ང་ཚོས་ཁ་དབྱངས་ཀྱི་མང་གཙོ་དེ་ལག་ཐོག་གི་མང་གཙོ་ལ་བསྒྱུར་ཅིང་། སྒེར་ཚོགས་ཉི་ཚེ་བར་ཕྱོགས་པའི་སེམས་ཤུགས་དང་ལྷག་བསམ་དེ་སྤྱི་ཚོགས་དང་སྤྱིའི་གོང་བུ་ལ་བཏགས་ནས་བསམ་ཕྱོགས་བརྗེ་སྒྱུར་གྱིས་རང་དབང་རྩོད་ལེན་གྱི་བྱ་བར་ཞུགས་རན། མང་གཙོ་མང་གཙོ་ཟེར་ནས་བརྒྱ་ཚར་འགའ་བགྲངས་རྗེས་ཁ་བདེ་ངག་སྙན་གྱི་སྦྱོར་བས་འདྲ་ཆགས་འགྲིག་འགྲིག་གི་འགྲེལ་བཤད་འོག་ནས་སྒེར་གཙོའི་འདུ་ཤེས་ཀྱི་སྐྱབས་འོག་ཏུ་འཚང་བའི་བསམ་སྤྱོད་དེ་ཚོར་རྒོལ་རྡུང་གཏོང་རན།

ད་ནི་ང་ཚོས་མང་གཙོའི་སྟོབས་ཤུགས་ཀྱི་དཔུང་བ་བརྟན་པོར་བསྒྲེངས་ནས་སྤྱི་གཙོའི་འདུ་ཤེས་ཀྱི་དམ་བཅའ་ཡང་འཇོག་བྱས་ཏེ་རང་རང་གི་ཕྲག་སྟེང་ན་ཡོད་པའི་མང་གཙོའི་ཁེ་དབང་དེ་ཚུལ་མཐུན་རང་བཞིན་གྱི་བེད་སྤྱོད་བྱེད་པའི་སྦྱོར་བ་ལྷུར་བླངས་ནས་རང་དབང་སླར་གསོའི་སྟོབས་ཤུགས་ཀྱི་མཐུན་རྐྱེན་དུ་འགྱུར་བར་བྱེད་རན།

ད་ནི་ང་ཚོས་མི་རབས་གསར་བའི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་གི་དབུ་འཁྲིད་དང་རྒྱལ་སྤྱིའི་ཆེ་མཐོང་གི་ཁྱད་ནོར་འདི་བེད་སྤྱད་ནས་རང་གི་ཕྲག་སྟེང་གི་མང་གཙོའི་ལས་འགན་དེ་བསྒྲུབ་པར་གཞོལ་རན། ད་ནི་ང་ཚོས་ཚོགས་པ་སྤྱིད་སྡུག་བྱེ་བྲག་པ་རེའི་ལྟ་གྲུབ་ལ་འཁྲིལ་ནས་སྤྱི་བའི་སྟོབས་ཤུགས་ཀྱི་ནུས་པ་ཁ་གཏོར་གཏོང་བའི་ལས་བྱ་འདི་མཚམས་བཞག་ནས་ནུས་པ་དང་སྟོབས་ཤུགས་ཡོད་དགུ་གཅིག་ཏུ་བསྒྲིལ་ནས་དམིགས་ཡུལ་གཅིག་ལ་འཐམ་སྟེ། དམིགས་པ་གཅིག་ལ་བཏད་དེ། ལངས་ཕྱོགས་གཅིག་ལ་བཞེངས་ཏེ། ནུས་པ་ཡོད་ཚད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏ་ལར་གདན་འདྲེན་ཞུ་རན། ད་ནི་ང་ལན་ཁྱོད་ལན་གྱི་རྩོད་པའི་གཡུལ་མཚམས་བཅད་ནས་ཁྱེད་དང་ང་། ཁོ་དང་མོ་སོགས་ཀྱི་བསམ་བློའི་བར་ཐག་བཞག་ནས་ཐུན་མོང་གི་དམིགས་ཡུལ་དེའི་ཆེད་དུ་ཀླད་པ་འགུལ་རན།

སེམས་ཤུགས་བསྐྱེད་རན། འབད་བརྩོན་བྱེད་རན། ད་ནི་ང་ཚོས་སེམས་པ་ལྷོད་ལ་བབས་ནས་རང་གིས་ད་ལྟ་བར་དུ་གང་བྱས་པ་དང་། མ་འོངས་པ་ན་གང་བྱ་རྩིས་ཡོད་པ། ད་ལྟ་གང་བྱེད་ཀྱི་ཡོད་པ་གསུམ་ལ་ཞིབ་ལྟ་ཐེངས་གཅིག་བྱས་ནས་ངེས་པར་དུ་རང་ཉིད་ལ་བཅོས་སྒྱུར་དང་རང་ཉིད་ལ་ལེགས་བཅོས་བྱེད་རན། འདི་ནི་ང་དང་ཁྱེད་ཀྱིས་མཚོན་པའི་བོད་གངས་ཅན་པའི་རིགས་རྒྱུད་ཡོད་དོ་ཅོག་ལ་རེ་འབོད་ཀྱི་སྙིང་ཁྲག་དྭངས་མ་ཞིག་གོ།། །།

༢༠༡༡/༨/༣༠ལ་བྲིས།