ངའི་སེམས་ཀྱི་འཇུ་ཆེན་དང་ཡིད་ཀྱི་མྱ་ངན།

ཁྱེད་ཀྱི་བྱིས་དུས་ཀྱི་འཚོ་བ་ནས་ད་བར་གྱི་གནས་ཚུལ་དང་བགྲོད་ལམ་ཡོངས་རྫོགས་ངས་གཏན་ནས་མི་ཤེས། དེ་ནི་ང་རང་ལྐུགས་དྲགས་པ་དང་དོན་གཉེར་མེད་པའི་མ་ཡིན་པར་ཁྱེད་ཀྱི་ལོ་རྒྱུས་དང་བགྲོད་ལམ་ཤིན་ཏུ་རིང་བ་དང་ཧ་ཅང་གི་གཏིང་ཟབ་པའི་རྟགས་རེད།  གང་ལྟར་ད་ལྟ་ཚགས་ཚུད་པའི་བཙན་བྱོལ་བོད་མིའི་གཞུང་ངམ་སྒྲིག་འཛུགས་ཀྱི་འཕེལ་རིམ་དང་འགྱུར་འགྲོས་ལ་བསམ་ན་ཁྱེད་མེད་ཐབས་མེད།  དཔའ་དང་དཔུང་པ་མི་ལ་ངོམ་ཞིང་བློ་དང་བཀོད་པ་རལ་གྲི་ལ་བཅོལ་བའི་ཁམས་པའི་ཕོ་རྒོད་ཀྱི་དར་རྒུད་དང་འགྲོ་སྟངས་ལ་བསམ་ན་ཁྱེད་མེད་ཐབས་མེད། ཕ་རོལ་དགྲ་བོ་རྒྱང་དུ་བཞག་སྟེ་ནང་ཁུལ་གཏོར་བཤིག་གི་གནས་ཚུལ་དང་གྲུབ་འབྲས་ལ་བསམ་ན་ཁྱེད་མེད་ཐབས་མེད། ཁྱེད་ཀྱི་་མི་ཚེ་ཡོངས་རྫོགས་བོད་ཁ་བ་ཅན་གྱི་ཆེད་དུ་བཏང་བ་རེད་ལ་སྒྲོ་བཏགས་དང་འུར་བཤད་མི་དགོས་པའི་གྲུབ་འབྲས་ཀྱང་མང་པོ་ཡོད་རེད། ཁྱེད་གཤེགས་ཤུལ་ནས་ཁྱེད་ལ་དགའ་མཁན་བརྒྱ་དང་མི་དགའ་མཁན་སྟོང་ཡོད་ཀྱང་། ང་ནི་ནམ་ཡང་ཁྱེད་ལ་དགའ་ཞིང་་་་་་ཁྱེད་ཀྱི་བླ་ན་མེད་པའི་མི་གཤིས། འགྲན་ཟླ་བྲལ་བའི་བསམ་བློ། ཀུན་ནས་ཕན་པའི་ཐབས་བཀོད། ཕྱིར་འཐེན་མེད་པའི་སྙིང་སྟོབས། རིན་ཐང་བྲལ་བའི་བྱས་རྗེས་དག་ལ་ཁ་ཞེ་དང་ངོ་ལྐོག་མེད་པའི་ཡི་རངས་དང་རྗེས་དྲན་ནམ་ཡང་ཡོད། ད་དུང་ཁོང་གི་ནང་མི་ཚོར་སེམས་གསོ་ཡི་སྐད་ཆ་འདི་ཡོད། ཨ་ཞེ་དཀོནམཆོག་གཙོས་པའི་ནང་མི་དང་ཉེ་འབྲེལ་རྣམ་པ། སེམས་མ་ཕམ་ལ་ཡིད་མ་སྐྱོ། སེམས་སྡུག་མ་བྱེད་ལ་མིག་ཆུ་མ་གཏང་། ལས་དབང་འདི་ང་ཚོ་ཡོངས་རྫོགས་ལ་གཅིག་གྱུར་གྱིས་ཡོང་དགོས་པ་ལས་ཁོང་གཅིག་པུ་ལ་ག་ལ་ཡིན། ཁོང་ནི་ཤི་བ་རླབས་ཆེ་ཞིང་གསོན་པ་གཟི་བརྗིད་ཆེ་བའི་མི་ཞིག་དང་། མི་ཚེ་ཧྲིལ་པོར་བོད་ཀྱི་བསྟན་པ་དང་བོད་ཀིྱ་འགྲོ་བ་ཡི་ཆེད་དུ་བཏང་བ་ཞིག་ཡིན་པས་སྐྱེ་བ་ཕྱི་མར་ངན་སོང་དུ་མི་འགྲོ་བར་ང་ཚོས་ཡིད་ཆེས་བྱེད་ཆོག མདོར་ན་བླ་མ་སྤྱན་རས་གཟིགས་ཀྱི་ནུས་པ་དང་རང་གིས་བསགས་པའི་རྣམ་དཀར་དགེ་བའི་ས་བོན་གཉིས་ཀྱིས་སྲིད་པ་བར་མའི་འཇིག་སྐྲག་གི་སྡུག་བསྔལ་ཞི་སྟེ་གངས་ཅན་ཁ་བའི་ལྗོངས་སུ་སླར་ཡང་མི་ལུས་བཟང་པོརལེན་པའི་གསོལ་འདེབས་སྨོན་ལམ་གྲངས་མེད་ཞུ་ཞུ།