དོན་གྱི་བདག་པོའི་ཕུགས་རེ།
མི་རིགས་ཤིག་ལ་མཚོན་ན་མེད་དུ་མི་རུང་བའི་རིན་ཐང་གི་འཚོ་བཅུད་ནི་མི་རིགས་དེའི་ཐུན་མིན་གྱི་རིག་གཞུང་དང་། ལེགས་བྱང་། གོམ་གཤིས་སོགས་ཡིན། གལ་ཏེ་དེ་དག་རྩ་སྟོང་དུ་སོང་བའི་མི་རིགས་ཤིག་ཏུ་གྱུར་ཚེ་རང་བཙན་དང་རང་དབང་ཇི་འདྲ་ཞིག་ཡོད་ཀྱང་དེ་ནི་ཁོག་སྟོང་གི་མི་རིགས་ཤིག་དང་སྙིང་བཅུད་བྲལ་བའི་མི་རིགས་ཤིག་སྟེ་དགེ་ཕན་ཅི་ཡང་མེད་པའི་མི་རིགས་ཤིག་རེད། དེས་ན་ཡལ་ལ་ཉེ་བའི་མཆོག་གྱུར་གྱི་སྐད་ཡིག་དང་།
ཡང་དག་པའི་རིག་གཞུང་། ཐུན་མིན་གྱི་གོམས་གཤིས། དག་གཙང་གི་ཁོར་ཡུག་སོགས་མྱུར་སྐྱོབ་ཀྱི་ཆེད་དུ་ས་གནས་རང་སྐྱོང་ཚད་ལྡན་ཞིག་གི་ཁེ་དབང་བྱུང་ན་དུས་ཚོད་ཀྱི་འགྱུར་འགྲོས་ལ་བསྟུན་པའི་གཉིས་ཕན་གྱི་ཐོབ་དབང་ཞིག་ཏུ་བསམ་བློ་འཁོར་བཞིན་ཡོད། འདི་ནི་རྣམ་དཔྱོད་ལྡན་པའི་བོད་མི་སྤྱི་ཡོངས་ཀྱི་ལྟ་ཚུལ་ཞིག་ཏུ་འགྲེལ་ན་ཐལ་ཆ་ཤོར་མེད་སྙམ། རྣམ་དཔྱོད་ལྡན་པའི་མི་བུ་ཞིག་ཡིན་ཚེ་རྩོམ་བཞིན་པའི་ལས་འགུལ་དེའི་གྲུབ་འབྲས་དང་། མཐར་ཐུག་གི་ཐོབ་བྱར་བལྟས་ཏེ་འགུལ་སྐྱོད་བྱ་རྒྱུ་ནི་དགོས་ངེས་ཀྱི་བྱེད་སྟངས་ཤིག་ཏུ་བརྩི་ངེས་ཡིན།
འདས་པའི་ལོ་རྒྱུས་ལ་བལྟས་ཏེ་བདག་དབང་ཡོད་པའི་ཐོབ་ཐང་ཞིག་གི་ཆེད་དུ་ད་ལྟའི་གནས་བབ་དང་། ད་ལྟའི་ཁེ་ཕན། ཕུགས་ཀྱི་གྲུབ་འབྲས་གང་ལ་ཡང་མི་བལྟ་བར་ཨུ་ཚུགས་ཀྱིས་འཐམ་ན་རྣམ་དཔྱོད་ལྡན་པའི་བྱེད་སྟངས་དང་རྩ་འགལ་དུ་སོང་བའི་བྱ་སྤྱོད་ཅིག་ཡིན། རྒྱུ་མཚན་འདི་དག་ལས་དོན་གྱི་བདག་པོའི་ཕུགས་རེ་ངོ་མ་དེ་ལམ་ཙམ་མཐོང་ཐུབ།
རྒྱལ་སྤྱིའི་རྒྱབ་སྐྱོར།
གྲངས་ཉུང་མི་རིགས་གང་ཞིག་གིས་རང་གི་ཐོབ་ཐང་དང་རང་དབང་འཚེ་མེད་ཞི་བའི་ལམ་ནས་རྩོད་ལེན་བྱེད་སྐབས་དགོས་ངེས་ཀྱི་ཆ་རྐྱེན་གཅིག་ནི་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་ནུས་ཤུགས་ཡིན། ང་ཚོས་ཀྱང་རྒྱལ་སྤྱིའི་ངོས་ནས་དོན་དམ་པའི་རྒྱབ་སྐྱོར་ཞིག་རེག་པའི་ཆེད་དུ་སྐད་འབོད་དང་རེ་ཞུའི་ངར་སྐད་མི་ལོ་ལྔ་བཅུའི་རིང་མཚམས་མ་ཆད་པར་བསྒྲགས་ཀྱང་དོན་དམ་པའི་རྒྱབ་སྐྱོར་དངོས་མ་ཞིག་གི་དབུ་འཁྱུད་ནི་༡༩༨༩ལོའི་རྗེས་སུ་སྟེ་རང་བཙན་གཙང་མའི་ལངས་ཕྱོགས་ལས་ཚད་མཐོའི་རང་སྲིད་རང་སྐྱོང་གི་ཕྱོགས་སུ་བསྙེག་པའི་དུས་མཚམས་ནས་བྱུང་ཡོད་སྙམ།
ང་ཚོའི་ཐུན་མིན་རིག་གཞུང་དང་བཟང་པོའི་གོམས་གཤིས་སོགས་འཇིག་རྟེན་འདིའི་ཐོག་ནས་ཡལ་ལ་ཉེ་བའི་དུས་སྐབས་དེར་དྲང་བདེན་དང་། སྤྱི་སེམས་ལྡན་པའི་རྒྱལ་སྤྱིའི་དྲན་དབང་དང་། དབུ་འཁྲིད་གཙོ་འཛིན་རྣམས་དང། ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་དགོངས་བཞེས་ཐུབ་པའི་རྒྱ་མི་རིགས་ཀྱི་བསམ་བློ་བ་གང་མང་ཞིག་གིས་ང་ཚོར་དོན་དམ་པའི་རྒྱབ་སྐྱོར་དང་མི་རིགས་ས་གནས་རང་སྐྱོང་གི་དགོས་འདུན་ལ་ཡང་དག་པའི་མཐུན་རྐྱེན་བསྐྲུན་ཡོད།
དེས་གང་ཞིག་མཚོན་ནམ་ཞེ་ན། དེས་༸གོང་ས་༸སྐྱབས་མགོན་ཆེན་པོས་ཕུགས་འདུན་དགོངས་བཞེས་ཀྱིས་གྲོས་འགོ་བསྟན་ཞིང་གཞིས་བྱེས་བོད་མི་ཡོངས་ཀྱིས་སྤྱི་མོས་རྒྱབ་སྐྱོར་ཐོབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཕན་ཚུན་འཆམ་འཐུན་དང་གཅིག་ལ་གཅིག་རྟེན་གྱིས་འཚོ་བའི་བསམ་བློའི་འདུ་ཤེས་དར་བའི་དེང་གི་སྤྱི་ཚོགས་སུ་ཡང་དག་པ་དང་མཆོག་ཏུ་གྱུར་བའི་སྲིད་བྱུས་ཤིག་ཡིན་པ་གསལ་བོར་མཚོན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༡༩༨༩་ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་དང་།
༢༠༠༧ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མའི་གཟེངས་རྟགས་སྔ་ཕྱིར་འབུལ་སྐབས་སྤྱིར་འཚེ་མེད་ཞི་བའི་ཐབས་ལམ་དང་ལྷག་པར་དབུ་མའི་ལམ་གྱི་སྲིས་བྱུས་ལ་བསྔགས་བརྗོད་དང་ཆེ་མཐོང་བླ་མེད་གནང་བ་སོགས་ཀྱིས་རྒྱལ་སྤྱིའི་གཙོ་འཛིན་རྣམས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་དང་རྒྱབ་སྐྱོར་ཇི་ཙམ་གནང་ཡོད་པ་གསལ་བོར་ཆགས་ཡོད། དེས་ན་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་ཡག་ཤོས་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་གང་ཡང་མེད། དབུ་མའི་ལམ་གྱི་སྲིད་ཇུས་ནི་ཕན་ཚུན་གཅིག་རྟེན་གྱི་བསམ་བློའི་གཞི་རྐང་བཟུང་ཐོག་དེང་གི་སྤྱི་ཚོགས་དང་མཐུན་པ། ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ། རྒྱལ་སྤྱིའི་རྒྱབ་སྐྱོར་དང་ཁྲིམས་ཀྱི་འགྲོ་ལུགས་འཚོལ་བདེ་བ་སོགས་ཀྱི་ཁྱད་ཆོས་ཧ་ཅང་མང་།
གཞིས་བཞུགས་མི་མང་གི་འབོད་ཚིག
འདས་པའི་ཟླ་གཅིག་གི་སྔོན་ཏེ་སྤྱི་ལོ་༢༠༠༨ལོའི་ཟླ་གསུམ་པའི་ཚེས་བཅུ་ནས་འགོ་བཙུགས་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཆོལ་ཁ་གསུམ་གྱི་ས་ཆ་ཡོངས་སུ་རྫོགས་པར་ཞི་བའི་ངོ་རྒོལ་གྱི་གྱེན་ལངས་བྱེད་སྐབས་འབོད་ཚིག་འདྲ་མིན་སྣ་ཚོགས་ཤིག་བྱུང་ཞིང་དེ་དག་ལས་གཙོ་ཆེ་བ་ནི་བོད་རང་བཙན་ཡིན། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་དུ་ཕྱིར་ཕེབས་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་འབོད་ཚིག་དག་ཡིན། འགའ་ཞིག་གིས་འདི་དག་ལས་བོད་རང་བཙན་ཡིན་ཞེས་པའི་ཚིག་འདི་གཅིག་པོ་ཡར་བསྒྲུགས་ནས་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞིས་བཞུགས་རྒྱ་ཆེའི་མི་མང་གིས་རེ་འདོད་དང་འཚམ་པའི་ནུས་ཤུགས་མེད་པར་བརྗོད་བཞིན་འདུག་ལ་འབོད་ཚིག་འདིའི་གདགས་སྲིབ་ནས་རང་ཉིད་ཀྱི་རྩ་བའི་ལངས་ཕྱོགས་བརྟན་སྲུང་བྱེད་པའི་རྒྱབ་རྟེན་
འཚོལ་བཞིན་འདུག
སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་ནི་འཇིག་རྟེན་འདིའི་མི་ཀུན་ལ་ཡོད་པ་ལྟར་དེ་སྐད་སྨྲ་བོ་རྣམས་ལ་ཡང་ཡོད་དགོས་ངེས་ཡིན་ཡང་རང་གི་ལྟ་ཚུལ་དང་མི་མཐུན་པའི་གཞུང་དང་སྲིད་བྱུས་དག་གི་འཕྲལ་ཕུགས་ཀྱི་དགེ་ཕན་མི་སེམས་པར་སྐྱོན་བརྗོད་ཀྱི་སྨྲ་ལྕེ་ཅི་དགར་གཡོ་བ་ནི་བཟང་སྤྱོད་ཀྱི་རྒྱ་ལས་འདས་པའི་བྱེད་སྟངས་ཤིག་ཏུ་མཐོང་། འབོད་ཚིག་དེ་དག་ལས་དོན་གྱི་བདག་པོ་རྒྱ་ཆེའི་མི་མང་གི་བསམ་འདུན་ངོ་མ་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལས་བརྒལ་བ་མཚོན་མི་ཐུབ་སྟེ་ཁོང་ཚོའི་འབོད་ཚིག་དེ་དག་ནི་འཆར་གཞི་དང་ལྡན་པའི་ཐོག་ནས་གྲ་སྒྲིག་བྱས་ཏེ་གཅིག་མཐུན་གྱི་གྱིས་བཟོས་པ་ཞིག་མིན་གློ་བུར་དང་གནས་སྐབས་དེར་སྣེ་འཁྲིད་རེ་ཟུང་གི་རྗེས་སུ་འབྲངས་པའི་འབོད་ཚིག་ཅིག་ཏུ་ངོས་འཛིན་བྱེད་ཆོག
བཙན་བྱོལ་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་རེ་བ་བྱེད་མཁན་ཚོས་ཀྱང་སྐབས་འགར་འབོད་ཚིག་སྒྲོག་མཁན་ག་གེ་མོའི་རྗེས་སུ་འབྲངས་ཏེ་བོད་རང་བཙན་ཡིན་ཞེས་པའི་འབོད་ཚིག་སྒྲོག་བཞིན་སྐྱོད་པ་ང་ཚོས་མཐོང་གསལ་མ་ཡིན་ནམ། གཞིས་བཞུགས་མི་མང་གིས་བསམ་འདུན་ངོ་མ་དེ་ནི་༸གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གཏན་ལ་ཕབས་པའི་ཐབས་ཇུས་ཉིད་ཡིན་པ་ང་ཚོས་ཕྱོགས་གཉིས་ནས་ཤེས་ཐུབ་ཏེ།
གཞིས་བཞུགས་རྒྱ་ཆེའི་མི་མང་གི་བརྒྱ་ཆ་བདུན་བཅུ་བརྒལ་བས་༸གོང་ས་མཆོག་ནི་བསམ་བཞིན་འཇིག་རྟེན་འདིར་བྱོན་པའི་སངས་རྒྱས། དུས་གསུམ་གྱི་ལེགས་ཉེས་ཐམས་ཅད་མངོན་གསུམ་དུ་གཟིགས་པའི་སྐྱེས་མཆོག་ཅིག་ཏུ་ཁས་ལེན་ཞིང་དད་པ་དང་ཡིད་ཆེས་ཁོ་ནས་ཁོང་གི་གསུང་དང་ཁོང་གིས་ལམ་སྟོན་རྣམས་ཡང་དག་པ་དང་མཆོག་ཏུ་གྱུར་བ་ཞིག་ཏུ་ངོས་འཛིན་བྱེད། བརྒྱ་ཆ་ཉུང་ཤས་ཤིག་གིས་དད་པ་ཁོ་ནས་མ་ཡིན་པར་འཕྲལ་ཕུགས་བོད་མི་རིགས་ཀྱི་ཁེ་ཕན་དང་ད་ལྟའི་ཛ་དྲག་གི་གནས་སྟངས་ལས་སྐྱོབ་ཆེད་བསམ་ཞིབ་གང་མང་བྱས་མཐར་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དང་མོས་མཐུན་བྱས་ཡོད་པ་སྟེ་འབའ་བ་ཕུན་ཚོགས་དབང་རྒྱལ་ནི་འདིའི་དཔེ་མཚོན་དུ་བགྲང་ཆོག དེས་ན་དོན་གྱི་བདག་པོ་རྒྱ་ཆེའི་གཞིས་བཞུགས་མི་མང་ཡོངས་རྫོགས་འདི་ག་ཉིས་སུ་འདུ་ཞིང་དེ་ལས་གཞན་པའི་ཡན་གར་བ་ཞིག་མེད་པར་ཐག་བཅད་ཆོག་པར་སེམས།
ཆིག་སྒྲིལ་དང་ཁ་ཕྱོགས།
རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་མདུན་སྐྱོད་བྱེད་པའི་མི་རིགས་ཤིག་ལ་མཚོན་ན་རྣམ་དཔྱོད་མི་འདྲ་བ་དང་། བསམ་བློ་མི་འདྲ་བའི་དབང་གིས་ཐབས་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ལག་བསྟར་བྱེད་སྲིད་པ་དང་བྱེད་དགོས་ངེས་ཀྱང་རེད། འོན་ཀྱང་ཆེས་ཛ་དྲག་དང་ཆེས་ཉེན་ཁའི་གནས་སྐབས་སུ་ཆིག་སྒྲིལ་གྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་ནི་གལ་འགེངས་ཆེ་བའི་གནད་དོན་ཞིག་རེད།
མི་བུ་རེ་རེར་རྣམ་དཔྱོད་ཀྱི་འཆར་སྒོ་རེ་རེ་ཡོད་པས་ལེགས་ཉེས་སྔོན་བརྟགས་ཀྱིས་ཕྱི་འགྱོད་སྐྱེ་བའི་རྒྱུ་རྐྱེན་དང་ཕུགས་འབྲས་ཀྱི་གེགས་སུ་མི་འགྲོ་བའི་ལས་འགུལ་སྣ་མང་བརྩམ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་བྱ་ཞིག་ཏུ་མཐོང་། ལས་འགུལ་གང་ཞིག་སྤེལ་ཡང་དེའི་ཕན་འབྲས་དང་ཁ་ཕྱོགས་ཙམ་ཡང་མ་ཤེས་པར་སེམས་ཤུགས་ཀྱི་རྐང་བ་ཁོ་ནས་འཛུལ་རྐྱང་བྱེད་པ་ནི་གཅིག་བྱས་ན་རང་གི་བསམ་འདུན་གྱི་ལྡོག་ཕྱོགས་སུ་སྐྱོད་བཞིན་ཡོད་སྲིད། །
མདོ་དོན་ང་ཚོས་ཁ་ཕྱོགས་མ་ནོར་བའི་ཐོག་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཟུངས་ཁྲག་གིས་གཟུགས་རིས་ཕབས་པའི་གངས་ལྗོངས་དེའི་ཆེད་དུ་ཁོང་ཚོའི་ཞབས་རྗེས་བསྙེགས་ཏེ་ཡུན་ནས་ཡུན་དུ་མདུན་སྐྱོད་བྱ་དགོས།།
བོད་རྒྱལ་ལོ།། ༢༠༠༨ ༤ ༡༣ ལ་བྲིས།
རྩོམ་ཡིག་འདི་༢༠༠༨ལོར་བྲིས་པ་ཡིན་མོད་བདག་གི་ལྟ་ཚུལ་ལ་ཁྱད་པར་གང་ཡང་སོང་མེད་པས་འདིར་བཀོད་པ་ཡིན།