མེ་ཏོག་ལྷ་མཛེས་མ་ལ་ཕུལ།

སེམས་རྟེན་གྱི་སྙིང་གྲོགས་ལྷ་མོ།། ལྷག་བསམ་གྱི་སེམས་གཏམ་མངར་མོ།།

ལག་འཕྲིན་གྱི་གསང་ལམ་བརྒྱུད་ནས།། ཁྱེད་ལ་ནི་བཤད་སྙིང་ལོས་ཡོད།།

བཅོས་མིན་གྱི་དུང་བ་ཞིག་གིས།། གསང་གཏམ་གྱི་ཁུགས་མགོ་བཅོ་བརྒྱད།།

ཁུ་སིམ་གྱི་མགྲོན་མཁར་ནང་ནས།། ལྷད་མེད་ཀྱི་ཁྱེད་ལ་འབུལ་འདོད།།

གསེར་སྦྲང་ནི་མེ་ཏོག་འཁོར་འཁོར།། བུ་ང་ནི་ཁྱེད་ཕྱོགས་འཁོར་འཁོར།།

དུང་སེམས་ཀྱི་མེ་ཏོག་ཐང་ནས།། ལྷན་འཛོམ་ནི་བྱུང་བ་སུའི་ཤེས།།

འཇིག་རྟེན་གྱི་འཚོ་གནས་ཟེར་བ།། ཕོ་མོ་ཡི་མཛད་བརྩེ་འདི་ཡིན།།

མཛད་བརྩེ་ཡི་དུང་བ་མེད་ན།། འཚོ་སྐྱིད་ཀྱི་ཞེ་ཕུག་སྟོང་པ།།

འཁྲེང་ཞེན་གྱི་དབུགས་སྣེ་བརྩེགས་བཞིན།། མི་ཡུལ་གྱི་བརྩེ་དུང་ཆེད་དུ།།

འཚོ་འདོད་ཀྱི་སེམས་པ་ཡོད་ན།། མཛད་བརྩེ་ཡི་ལག་ལྡང་སྤྲེལ་རོགས།།

དྭེངས་གཙང་གི་སེམས་པའི་ངོགས་ལ།། བརྗེད་མེད་ཀྱི་བརྩེ་བ་ཕྲིས་དང་།།

ནམ་ཞིག་ན་ཕུགས་བསམ་དྲོན་མོ།། སེམས་ཀྱི་ནི་གཏིང་ལ་འཁྲུང་ཡོང་།།

འགྱུར་མེད་ཀྱི་བརྩེ་དུང་ཕོབ་དང་།། དམ་བཅའ་ཡི་མདུད་པ་རྡོག་རྡོག།

ཞེ་གཏིང་གི་བླ་མིའི་ཕྱག་ཏུ།། ངེད་གཉིས་ཀྱི་ཕུལ་ན་ལོས་ཆོག།

གསེར་ཆུ་ཡི་རླབས་སྒྲ་ཉན་གི། ཆུང་གྲོགས་ཀྱི་བརྩེ་བ་འཇམ་གི།།

བརྩེ་དུང་གི་རྦ་རླབས་ཁྲོད་ནས། མི་ཚེ་ཡི་འཚོལ་ལམ་བསྙེག་ཆོག།

དྲི་མེད་ཀྱི་རིག་ཞེན་མཐུད་དེ།། དཔུང་ལྡིང་གི་བརྩེ་དུང་མགྲིམས་འགྲོ།།

འཚོ་གནས་ཀྱི་དྲོད་ཁོལ་བསྐྲུན་ཏེ།། ངེས་མེད་ལ་ལྗོངས་རྒྱུའི་ཕེབས་འགྲོ།

དབྱངས་གསལ་གྱི་ཚེ་སྲོག་འདི་ལ།། ཤོག་སྙུག་གི་འགྲོ་གྲིན་བཏང་སྟེ།།

བརྩེ་དུང་གི་གནམ་འོག་འདི་ནས།། ཕོ་མོ་ཡི་རིན་ཐང་གླེང་ཆོག།

རི་བོ་ཧི་མ་ཅར་ནས་གསེར་རྟ་པ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་སུ་འབོད་པས་སུག་བྲིས་བགྱིས་སོ།། ༢༠༠༡༡ ༩ ༢༢