༼ཐོན་ནས་ཤོག༽

དྲང་བདེན་ལྷག་བསམ་སྨྲ་བའི་ཕོ་རྒོད་ཚོ།།

ཁ་དང་ལག་པ་མཚུངས་ནས་ཕེབས་ཤོག་དང་།།

ང་ཚོ་ཀུན་གྱི་བསྒྲུབ་བྱའི་དམིགས་ཡུལ་དག།

ཨ་ཕོ་སུ་ཡིས་འཇོན་ན་སྒུག་ནས་འདུག།

བང་མཛོད་ནོར་གྱིས་ཁེངས་པའི་འབྱོར་ལྡན་ཚོ།།

གཏོང་ཕོད་ཕྱག་ཟུང་ཡོད་ན་སྦྱིན་ཤོག་དང་།།

ལག་པ་ཡར་ལ་བསྲིངས་པའི་སྤྲང་པོ་ཚོས།།

ཁ་དང་ཁོག་པ་སྟོང་པའི་སྒུག་ནས་འདུག །


ཨ་སྔོན་གཞུང་ལ་ལག་ཟུང་ཀེར་མཁན་ཚོ།།

ཤོག་བུའི་གོས་ཀྱིས་བརྒྱན་ཏེ་ཐོན་ཤོག་དང་།།

དྲག་ཆར་རླུང་ནག་འཁྲིགས་པའི་སྲུབས་ཀ་ནས།།

གཡུ་འབྲུག་ངར་མས་ཕེབས་བསུ་བྱེད་བཞིན་འདུག།

 

དགུང་ཁའི་རླུང་གིས་སྐྱོད་པའི་མཁས་འདོད་ཚོ།།

ཚོན་གཞི་ཁ་དོག་བྲལ་བའི་དར་ལྕོག་འདི།།

ཡར་ཐོད་ཁང་བརྩེགས་སྟེང་དུ་སྒྲེངས་ཤོག་དང་།།

བྱང་རླུང་གངས་ཆབ་འཚུབ་མས་སྒུག་ནས་འདུག།

 

ཡར་གི་ལྷ་ཚོགས་སྒྲུབ་པའི་སྒོམ་ཆེན་ཚོ།།

འཇའ་ཚོན་ཡོན་ཆབ་སྣ་ཚོགས་བཤམས་ཤོག་དང་།།

ཡོད་ཚད་ཡར་ལ་འདྲེན་པའི་ལྷ་ཆེན་ཚོས།།

ཡབ་ཡུམ་མཉམ་པ་སྦྱོར་ཏེ་སྒུག་ནས་འདུག།

 

བགེགས་རིགས་མཐའ་རུ་བསྐྲད་པའི་མཐུ་ཆེན་ཚོ།།

སྣ་མང་ཆོ་གའི་ལས་ལ་འཇུག་ཅིག་དང་།།

ཁྱོད་ཉིད་གདོན་ཁས་བཏབ་པའི་གདོན་འདྲེ་དག།

ཁ་གདང་མཆེ་བ་གཙིགས་ནས་སྒུག་བཞིན་འདུག།

 

རང་ཉིད་ལྷ་རུ་འདྲེན་པའི་ཁྱི་ལྡོམ་ཚོ།།

གནམ་སར་འུར་གྱི་འགེངས་ཏེ་ཟུག་ཤོག་དང་།།

ཁྱོད་ཀྱི་མིག་སྔར་ལྡང་བའི་རྐུན་པོ་རྣམས།།

རྔ་མའི་གཡུག་སྟངས་འདི་ཀོ་མཐོང་ནས་འདུག།

 

ངོ་སོ་ཡར་ལ་བསྟོད་པའི་འབྲས་དཀར་མཁན།།

ཆོས་ཀུན་བཤད་པ་རེ་རེས་འགྲེལ་ཤོག་དང་།།

སྣ་ཚོགས་ཟློས་གར་རྩེན་སའི་ཁང་ཆེན་ནས།།

འཁྲབ་ཚན་སྟོན་མོ་འདི་ཀོ་ལྟ་བཞིན་འདུག།

 

རྣམ་དཔྱོད་རྩལ་སྟོབས་མྱུར་བའི་རྟོག་གེ་ཚོ།།

ཕ་རོལ་རྒོལ་ངན་གཞོམ་པའི་ལས་སྐུལ་དང་།།

ལྟ་སྤྱོད་འགལ་འདུ་ཅན་གྱི་ལྡོག་ཕྱོགས་ཚོས།།

མགོ་བོ་ལག་པས་སྐྱོར་ཏེ་སྒུག་བཞིན་འདུག།

 

ཆ་ལུགས་ཡ་མ་ཟུང་གི་སྔགས་རྒན་ཚོ།།

གཙང་བཙོག་གཅིག་ཏུ་བཟུང་སྟེ་ཕེབས་ཤོག་དང་།།

ཁྱོད་ཀྱི་འདུལ་སྐལ་རུང་བའི་འཆལ་མོ་ཚོས།།

གཅེར་བུས་སྒེག་ཉམས་ཏེ་བསུ་བཞིན་འདུག།

 

ཁེ་སྤོགས་སེམས་སུ་བཟུང་བའི་ཚོང་དཔོན་ཚོ།།

ས་རྡུལ་གསེར་དུ་འདྲེན་ཏེ་ཚོང་ཤོག་དང་།།

སྒོ་ཐེམ་ལན་གཅིག་བརྒལ་བའི་གྲོང་གསེབ་པས།།

མིག་སྣ་ཁྱོད་ལ་གཏད་དེ་སྒུག་བཞིན་འདུག།

 

རང་ལུས་ཚོང་ཁར་འགྲེམས་པའི་མོ་གཞོན་ཚོ།།

ཕྱུག་བདག་དགྲ་ལྷ་བཞིན་དུ་གསོལ་ཤོག་དང་།།

ཡབ་མེས་གཏེར་མཛོད་གཏོར་བའི་འཁྱམས་པོ་ཚོས།།

ངོ་ཚའི་ར་བ་བཤགས་ཏེ་བསུ་བཞིན་འདུག།

 

རྒྱུ་ནོར་མིག་གིས་རྔོན་པའི་རྐུན་པོ་ཚོ།།

འཇོན་ཚད་གཞན་གྱི་བང་མཛོད་བྲུས་ཤིག་དང་།།

རིན་ཆེན་ནོར་གྱིས་ཁེངས་པའི་དཀོར་ཁང་གིས།།

འཛུམ་མདངས་སྲུབ་ཀ་འདི་ནས་བསུ་བཞིན་འདུག།

 

རང་རློམ་ནམ་མཁར་སྙེགས་པའི་བྱེའུ་ཆུང་ཚོ།།

གཤོག་ཟུང་རླུང་གི་སྤུར་ཏེ་ཕེབས་ཤོག་དང་།།

རྩལ་སྟོང་མཁའ་རུ་སྐྱོད་པའི་རྒོད་པོ་ཚོས།།

མིག་ཟུང་ཡར་ལ་ཕྱེ་སྟེ་ལྟ་བཞིན་འདུག།

 

རང་ཉིད་ཚོང་རར་འགྲིམས་པའི་ཕོ་རྒོད་ཚོ།།

ཤེས་འཇོན་ལག་ཟུང་རྩེ་རུ་འདེགས་བཞིན་དུ།།

སྣ་ཚོགས་ཁྲོམ་གཞུང་འཇིང་དུ་དོན་ཤོག་དང་།།

གྲོང་གསེབ་ཚོང་དཔོན་དག་གིས་སྒུག་ནས་འདུག།

༢༠༡༡//༢༩ མཚན་མོའི་ཚོུད་༡༢/༢༠ ཐོག་ཏུ་བྲིས།