སྒེར་དེབ་《འཆིང་བའི་ཕྱི་ནང་》གི་སྤྱིར་བསྒྲགས།

འོན་ཀྱང་རང་ཉིད་ཤེས་དམན་རྒྱུས་ཞན་གྱི་ཁར་རྩོམ་དེབ་འདི་ང་ཚོའི་《ཉི་ཟེར་》་དུས་དེབ་ཀྱི་ལས་ཞོར་དུ་བྲེལ་བྲེལ་གྱིས་བསྒྲིགས་བསྐྲུན་སྤེལ་གསུམ་བྱ་དགོས་བྱུང་བས་སྤུས་ཀ་སོགས་ཀྱི་ཐད་ནས་འདོད་བློ་མ་བབ་རིགས་བྱུང་ཚེ་དགོངས་དག་ཞུ།དེ་བཞིན་རང་ཉིད་ལེ་ལོ་ཆེ་བས་སམ། རང་བྱས་ཞིག་གཡག་རྔ་ལྟར་གནམ་ལ་འཕྱར་རྒྱུར་རང་གཤིས་ལས་རྒྱང་ཐག་རིང་པ་འདིས་ད་བར་དྲྭ་ཐོག་ཏུ་བཤད་སྤེལ་བྱ་རྒྱུའང་ལུས་སོང་། རྒྱུ་མཚན་དེས་སམ་གང་ལྟར་ཐག་རིང་ཐག་རིང་གི་བརྩེ་བའི་རོགས་འགས་དེབ་འདིར་ཀློག་འདོད་ཀྱིས་རྒྱུན་དུ་སྐད་འདྲི་གནང་གིན་འདུག་པས། ཁོང་ཚོར་དེབ་ཅིག་འཕྲོད་རྒྱུར་དཀའ་ཁག་ཆེ་སྟབས་དེ་རིང་འདིར་རོབ་བཤད་ཅིག་བྱས་ན་དྲན་སོང་།

《འཆིང་བའི་ཕྱི་ནང་》གི་ཐོག་མའི་ཆེད་བརྗོད་ཀྱི་སྐད་ཆ།
༼གཏམ་མགོ་མ༽
གྲང་རླུང་རེ་གདོང་ལ་བཟེད་ནས་རི་གྲོང་གི་ཁ་ཁུག་ཉུལ་ཏེ་དེ་རིང་ང་ཁྱེད་དང་ཁ་ཐག་ཉེ་སར་ཞིག་ལ་ཐོན་ཡོད། རྨ་ཆུ་དང་འབྲི་ཆུ། ངའི་སེམས་ཁོང་ནས་འབབ་པའི་གངས་ཆབ་སྔོན་མོ་ཡིན་ཡང་། ངས་མི་ཡུལ་གྱི་ལུས་པོ་བ་ཚྭའི་འདམ་ཆུས་གསོས་ཤིང་། 《འཆིང་བའི་ཕྱི་ནང་》་ཞེས་པའི་རྩོམ་དེབ་འདིའང་ཁ་བ་དང་གངས་རི་མེད་ས་ཞིག་དང་། ཕ་ཡུལ་དང་ཁ་ཐག་རིང་ས་ཞིག་ནས་བཀྲམ་དགོས་བྱུང་བས། སེམས་པ་ལ་རང་བཞིན་གྱིས་སྐྱོ་སྣང་ཞིག་ཡོང་གིན་འདུག ངས་རྩོམ་དེབ་འདི་སྒྲིག་པའི་ལམ་ཁ་ནས། ཕལ་མོ་ཆེའི་ལམ་སྲོལ་ལྟར་ཆེན་བོ་དག་གི་ཁ་བསྟོད་དེ་ཞུ་འདོད་མ་བྱུང་ལ། འགའ་རེའི་ཁེངས་སྐྱུང་ལྟ་བུའི་གཉོམ་ཆུང་མདོག་དེའང་བྱེད་དགོས་མ་མཐོང་། དེ་ནི་དེབ་འདིའི་སྲོག་དབུགས་ལ་རང་དབང་སྤྲད་དེ་བཀག་རྒྱ་མ་བཟོས་པ་དང་།  ཀློག་པ་པོར་ཁྱད་གསོད་སྤང་སྟེ་རྣམ་རིག་ལ་གུས་བརྩི་ཞུས་པ་ཞིག་ཀྱང་ཡིན་སྲིད།

སྤྱིར་ན་རང་གིས་རྗེན་པར་མྱངས་བའི་སེམས་ཁོང་ནས་ཕྱུངས་བ་དང་། གཏན་ཚིགས་ཀྱིས་རྩོད་སྒྲུབ་བྱས་པའི་ཡིག་ཚོགས་མང་ཙམ་ཡོད་ལ། དེ་དག་ཁག་ཅིག་བོད་ཕྱི་ནང་གི་ཚགས་ཤོག་དང་དུས་དེབ། དྲྭ་རྒྱ་འགའི་ནང་སྤེལ་མུས་ཀྱང་། དམ་པའི་གྲོགས་པོ་འགས་དེ་རྣམས་དེབ་གཟུགས་སུ་བསྒྱུར་ཐུབ་ན་དགེ་མཚན་ཇེ་ཚུལ་གྱི་སྐུལ་མ་རིམ་འབྱོར་ལ་གུས་བཀུར་དང་། མི་འཁྱམ་ཞིག་ལ་མཚོན་ན། འདི་དག་ཉར་ཚགས་ལའང་ཚེགས་ཆེ་བར་བརྟེན།  རོགས་འགའ་ལ་བུན་གཡར་གྱིས་སུན་པོ་བཟོ་དགོས་ཀྱང་རྩོམ་ཡིག་འགའ་དེབ་གཟུགས་སུ་སྒྲིག་རྒྱུའི་བློ་ཐག་བཙན་གྱིས་བཅད་ཡིན། དེ་ནི་རང་ཉིད་ཀྱི་གོམས་གཤིས་ལྟར། གཞན་ཞིག་ལ་ཀུན་སློང་བཀྱགས་ནས་དཔེ་བསྐྲུན་སྦྱིན་བདག་འཚོལ་བའི་བློ་ཤེད་དེ་མེད་པས་ཡིན་ཚོད་སྣང་།

དེ་འདྲའི་བརྒྱུད་རིམ་ནང་རྩོམ་ཡིག་འགའ་འབྲི་དུས་ཀྱི་སྐྱོ་སྣང་ལས་ཀྱང་ཐུ་བའི་ཚོར་བ་རེ་བྱུང་བ་ནི། བོད་ཡིག་ཀློག་མཁན་མང་བའི་མི་རིགས་ཤིག་གནམ་ཞབས་འདིར་མེད་པས་ཡིན་ལས་ཆེ། དེ་བཞིན་སྨྱུག་ཐོག་བོད་མི་སྤྱིར་མཚུངས་ལྟར། ངས་ཀྱང་འདི་ལྟར་ཅི་ཞིག་འབྲི་ཁུལ་གྱིས་འཚོ་བའི་ཁུངས་མི་ཆུད་པ་རྟོགས་ཡོད་ཀྱང་། ད་དུང་ཅི་ཞིག་མི་འབྲི་བ་འདུག་པའི་བསམ་བློ་དེ་མེད། ཆོད་སེམས་དེའི་དབང་གིས་སྐྱེ་ལོ་ཡག་ཉེས་གང་ལྟར་ཡང་ད་རེས་འདིར་དཔྱད་རྩོམ་དང་། ལོ་རྒྱུས། རྗེས་དྲན་གྱི་སྙན་རྩོམ་འགའ་ཆེད་བསྒྲིགས་ཀྱིས་གྲུབ་པའི་དེབ་ཆུང་《འཆིང་བའི་ཕྱི་ནང་》ཞེས་པ་འདི་ཁྱེད་ཀྱི་ཕྱོགས་སུ་ཕུལ་ཐུབ་སོང་། ད་རེས་གདོང་ལེན་དེའི་སྣེར་བྲིས་ཟིན་འགའ་སྤྱི་ཚོགས་ཀྱི་སྡིངས་ཆར་སྐྱེལ་དོན་ཡང་།

༡༽བོད་རེ་དོགས་ཀྱི་ཀློང་དུ་བཙན་བྱོལ་དུ་གྱར་ནས་མི་ངོ་ལྔ་བཅུའི་རྗེས་ཀྱི་ཕྱིར་མིག་དང་། ༢༽རྒྱང་ཐག་ཇེ་རིང་དུ་སོང་དུས་སེམས་ཁར་ཇེ་དྲན་དུ་ཡོང་བའི་ཕ་མའི་བཀའ་དྲིན་དྲན་གསོ། ༣༽མི་ཡུལ་གྱི་མུན་ཁུང་ནང་ནས་སེམས་ཁོང་གི་འོད་ཐིག་ལྟ་བུའི་༸བླ་མ་དམ་པ་ཞི་བར་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་དྲན། ༤༽ལས་དང་ལུས་པོ་འདྲེས་ཤིང། སེམས་དང་ཚོར་བ་གཅིག་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་དང་། དེ་བཞིན་འདི་ལོར་གཞིས་ལུས་མི་མང་ལ་ས་ཡོམ་སོགས་ཀྱི་གནོད་འཚེ་ཕོག་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད།
༥༽ འཁྱམ་ཉུལ་གྱི་འགྲུལ་བཞུད་བར་ནས། ས་ཐོག་རྐང་བ་བརྫིས་པའི་བརྡ་རྟགས་འདི་ཚོ་བོར་བརླག་ལ་ཕོངས་བ་དང་། ཡིད་མཐུན་གྱི་གྲོགས་པོ་འགའི་རེ་སྐུལ་བཅས་ཀྱི་ཆེད་ཀྱང་ཡིན།

སྤྱིར་རང་ཉིད་ཀྱི་ཁོར་ཡུག་ལ་མཚོན་ན། རྩོམ་རིག་གི་དོ་དབྱིངས་དང་། སྤྱི་ཚོགས་ཀྱི་སྡིངས་ཆར་ཐོན་རྒྱུ། ད་དུང་པར་བསྐྲུན་གྱི་མཐུན་རྐྱེན་སྦྱོར་མཁན་བཅས་ཕྱོགས་གང་ཐད་ནས་སྐེད་ཉག་ཕྲ་མོ་ཞིག་གི་ནང་ལུས་ཡོད་མོད། རང་སེམས་རང་གིས་གསོས་ཤིང་། བསྐུལ་ལྕག་རང་གིས་བཏང་སྟེ་རང་ཉིད་ཆེས་དགའ་སའི་ལམ་ཁ་འདིར་ཐོན་ཡོང་བ་ཡིན་ལ། མིག་ཆུ་དང་བུ་ལོན་གྱི་རུམ་ནས་ལམ་ཁ་འདི་དེད་ཡོང་བ་ཡིན།གུས་པར་མཚོན་ན། རྩོམ་འབྲི་བ་ནི་མི་ཚེའི་ཆ་རྐྱེན་ཡིན་ལ། རྩོམ་འབྲི་བ་ནི་འཚོ་བའི་སྙིང་པོའང་ཡིན། ད་དུང་ལྟོགས་ཤི་མ་ཐེབས་ན། 《འཆམ་ར་བའི་སྙན་ངག་ཕྱོགས་སྒྲིག་》གི་དེབ་ཆུང་ཞིག་གང་མགྱོགས་འདོན་འདོད་ཀྱིས་སྔས་མགོའི་འོག་ཉར་ནས་བསྡད་ཡོད། ཁ་དྲོ།

《འཆིང་བའི་ཕྱི་ནང་》གི་དངོས་གཞིའི་རྩོམ་ཡིག་ཚན་པ་བཅུ་དགུ
༡༽ གངས་འདབས་ནས་སྤྲིངས་པའི་དྲན་གཏམ་ལུ་གུའི་འབའ་སྒྲ།
༢༽ ནར་མ་སོན་པའི་སློབ་བུ་ཚོར་གཟིཌ་ནས་ཁྱེད་ཡུན་དུ་བཞུགས་དང་། ༧བླ་མ་ལགས།
༣༽ མདུན་བསྐྱོད་དགོས་ན་བློས་གཏོང་གྱིས།
༤༽ དེང་རབས་ཀྱི་གྲྭ་ས་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་གླེང་བ།
༥༽ དགའ་ལྡན་ལྔ་མཆོད།
༦༽ མེ་ཕུང་འགྲམ་གྱི་རྒྱུག་ཆུ་ཕྲ་མོའི་རང་མདངས།
༧༽ ལྷག་གོག་ལ་སྟོན་པའི་པར་རིས་སྦྱར་བ་དགའ་བསུ་ཞུ་མཁན་དེ་ནང་པ་རེད་དམ།
༨༽ ལོ་གསར་ནི་ངའི་སྡུག་གི་སྣོན་མ་རེད།
༩༽ ཧིན་སྒོར་ཉི་ཤུ་ལ་ཕྲེང་བ་གཏའ་མ་བཞག་པ།
༡༠༽ མེས་པོ་རྗེས་དྲན་ནི་མ་འོངས་པའི་མདུན་ལམ་ཡིན།
༡༡༽ རྡ་སའི་འོས་བསྡུ་དང་འཆམ་ར་བའི་མཐོང་ཐོས།
༡༢༽ བཀའ་ཁྲི་སྤུས་དག་ཡོང་ཐབས་འདི་འདྲ་རེད།
༡༣༽ བསྒྲགས་གཏམ་ནང་གི་འཛམ་བུའི་གླིང་པ།
༡༤༽ བཙུན་མ་ཞིག་བསད་སོང་།
༡༥༽ ས་འགུལ་དང་ལག་ཆ།
༡༦༽ སྐལ་བཟང་མཚོ་མོ་དང་སྐྱེ་དགུ་མདོ།
༡༧༽ གུང་ཁྲན་ཏང་གིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་གསར་པ་བསྐྲུན་པ།
༡༨༽ མེ་ཏོག་དང་སྦྲང་མ།
༡༩༽ མི་ཚེ་འདི་ལྟར་སྐྱེལ།

<<འཆིང་བའི་ཕྱི་ནང་>>གིས་”འབོད་པ་གཙོ་བོ་”ནི། བསྟན་དང་དེ་འཛིན་ཀྱི་སྐྱེས་བུའི་འཇིགས་ཉེན་ཐད་ནས་ཚ་ཚ་འུར་འུར་བྱས་ཏེ་རང་ཉིད་བློས་བཏང་བའི་ཨག་སྐད་ཡིད་ལ་ཟུག་པ་རེ་རེ་དང་། མི་རིགས་འདི་དང་སྐད་ཡིག་འདིའི་ཆེད་དུ་སྡུག་སྐད་དབྱངས་སུ་གྱེར་བ་རེ་ཡིན་རློམ་ཡིན་ཞུ།

《འཆིང་བའི་ཕྱི་ནང་》གི་མཇུག་གཏམ་གྱི་སྐད་ཆ།
༼མཐའ་མའི་སྐད་ཆ༽
རང་ཉིད་ཀྱི་སེམས་ལ་དེ་རིང་གུ་ཡངས་ཀྱི་རྣམ་པ་ཏོག་ཙམ་ཐོབ་བྱུང། གང་ཡིན་ཟེར་ན། ཅི་ཞིག་ལ་དམིགས་ནས་གང་ཞིག་བྲིས་པའི་ཡི་གེ་འགའ་དེབ་གཟུགས་སུ་སྤེལ་ཐུབ་པས་ཡིན་ལས་ཆེ། གྲོགས་པོ་ལགས། ཁྱེད་ཀྱིས་དེབ་འདི་བཀླགས་ནས། ཁྱེད་ལ་ཅི་ཞིག་གི་ཚོར་སྣང་འབྱོར་ཤིང་། གང་ཞིག་གི་རྟོག་པ་འཁྲུངས་ཡོད་ཀྱང་། དེ་ནི་དེབ་འདིས་ཁྱེད་ལ་བསྐྲུན་པའི་ལག་རྗེས་ཤིག་ཏུ་བརྩི་ཆོག་ལ།  དེབ་འདི་མི་ཡུལ་ལ་འབྱོར་བའི་བརྡ་ཐོ་ཞིག་ཀྱང་ཡིན་ངེས་པར་བརྟེན་དགོངས་འཆར་གང་ཡོད་དགའ་བསུ་ཞུ།  དེ་ནས་ཁྱེད་ཀྱིས་ལྟ་ཚུལ་ཅི་ཞིག་བཟུང་ཡང་ཆོག་ལ། སྐྱོན་ཡོན་གང་ཞིག་བརྗོད་ཀྱང་ཆོག་པ་ནི་ཁྱེད་རང་གིས་དེབ་འདི་བཀླགས་པའི་ཐོབ་སྐལ་ཡིན།

རྩོམ་ཡིག་འདི་དག་བརྒྱུད་ཁྱེད་རང་ཡང་གུས་པ་དང་ཁ་ཐག་ཉེ་ཙམ་གྱུར་ཚེ། ང་གཉིས་བར་དུ་ཆིག་སྒྲིལ་གྱི་ལམ་ཁ་ཞིག་གྲུབ་སོང་བར་བརྟེན། ངས་ཀྱང་དེ་རིང་ནས་བཟུང་རང་ཉིད་ཀྱི་རྩོམ་ཡིག་གང་མང་ཞིག་ཁྱེད་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་ཐུབ་ཐབས་བྱ་ངེས་ཡིན། དེའི་ནང་གི་“འཆམ་ར་བའི་སྙན་ངག་ཕྱོགས་སྒྲིག་”གི་དཔེ་དེབ་ནི་འུ་ཐུག་སོང་ན་ལས། ཁྱེད་ཅག་ལ་གང་མགྱོགས་འཕྲོད་ཐབས་བྱ་འདོད་ཡོད་ཞུ། གལ་སྲིད་ཡིག་ཚོགས་འདི་སུ་ཞིག་གི་གདོང་ལ་གཏད་ཅིང་། གང་ཞིག་གི་མགོ་ལ་བཞུས་འདུག་པའི་སྣང་བ་འཁོར་ན། དགོངས་དག་ཞུ་དགོས་སའི་འཁྱོག་བརྗོད་བྱས་བ་ཞིག་མེད་སྙམ་ལ་བརྟེན། ཤིང་ལ་མི་འབྲད། རྡོ་ལ་མི་རྡུང་བ། ངོ་བརྒྱུད་ཀྱི་ལམ་སྲོལ་དང་སྣག་ཤོག་གི་སྡིངས་ཆར་ཕེབས་འཐུས་ཆོག་པའི་ནང་མོལ་ཡང་ཞུ་འདོད་བྱུང་། སྤྱིར་ན་རྩོམ་རིག་ཞེས་པ་ནི་ཕྱོགས་སྟོན་དང་སྣེ་ཁྲིད། འགན་ཁུར་དང་གསར་གཏོད་སོགས་ཀྱི་ངོ་བོ་ལས་གྲུབ་དགོས་མོད། རང་ཉིད་ཤེས་དམན་རྒྱུས་ཆུང་ཞིག་གི་གནས་སྟངས་འོག ད་ཐེངས་ཁྱེད་ཀྱི་འདོད་བློ་ཇི་བཞིན་སྐོང་མ་ཐུབ་པའི་ཆ་རྣམས་ལ་འདི་ནས་བཟོད་གསོལ་ཞུ།

མཐར་དོན། དེབ་འདིའི་གྲུབ་ཆའི་ཐོག་ནས་བསམ་དུས། དེབ་འདོན་རྒྱུའི་ཐོག་མའི་སྐུལ་མ་དང་ཞུ་དག་གི་རོགས་པ་གནང་མཁན་བཀུར་འོས་རྩོམ་གྲོགས་འབའ་པ་སྐལ་བཟང་ཕྲིན་ལས་དང་། བོན་རྒྱ་བསྟན་འཛིན་རབ་རྒྱས། མཐའ་མའི་ཞུ་དག་དང་དེབ་གཟུགས་སྒྲིག་རྒྱུ་བཅས་ཀྱི་བཀའ་དྲིན་སྐྱོང་མཁན་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་བཅས་ལ་ཁ་དྲོ་ཞུ་རྒྱུ་དང་། དཔར་བསྐྲུན་གྱི་མཐུན་འགྱུར་ཐད་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་འགན་འཛིན་ཡེ་ཤེས་ཆོས་བཟང་ལགས་ཀྱིས་ཧིན་སྒོར་༡༠༠༠༠། དང་། ཆོས་མཆེད་དམ་པ་སློབ་དཔོན་ཚེ་དབང་མགོན་པོ་ལགས་ནས་ཧིན་སྒོར་༡༠༠༠། བཅས་མ་བསྐུལ་དང་བླངས་ངང་ཞབས་འདེབས་གནང་བྱུང་བས་ཐུགས་རྗེ་ཆེ་ཞུ་དང་འབྲེལ།  མཐར་དོན། ས་མཐོའི་མི་རིགས་འདིའི་ཚེ་སྲོག་གི་དཀའ་སྡུག་རྒྱུན་ཆད་ཅིང་། ཡིན་ལུགས་ལོ་རྒྱུས་ཀྱི་བདེན་དོན་མངོན་དུ་གྱུར་ཏེ། བཙན་པོའི་དུས་རབས་བཞིན་ཁ་རྗེ་དབང་ཐང་ཡང་ཡང་དར་བར་གྱུར་ཅིག་ཅེས་པའི་རེ་སྨོན་དང་བཅས་བཙན་བྱོལ་བོད་ཀྱི་རྒྱལ་ས་ནས་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་༢༠༡༡་༡་༡ ཉིན་བྲིས་ཏེ་ཕུལ་ལོ།།

དེབ་འདིའི་སྐོར་ནས་འབྲེལ་འཐུད་གནང་མཁན་ཚོས་བརྒྱུད་ལམ་འདི་སྤྱོད་རོགས།
drimeyg@yahoo.com

《འཆིང་བའི་ཕྱི་ནང་》ད་ལྟའི་མངག་ཉོ་གནང་ཡུལ།

  • Ø ལྡི་ལི།  བོད་ཀྱི་དཔེ་དེབ་ཁང་། 9899874998 དེ་མིན་ཆོས་སྤྱོད་པར་ཁང་།
  • Ø འབྲས་སྤུངས། བློ་གསལ་གླིང་དང་། སྒོ་མང་དཔེ་མཛོད། འབའ་སྐལ་བཟང་། 9972407048
  • Ø རྣམ་གྲོལ་གླིང་། དཔེ་ཚོང་ཁང་དང་། དགེ་སྐོས་བསོད་ནམས་རྒྱལ་མཚན། 9164877313
  • Ø སེ་ར། ལྡན་མ་ཁམས་ཚན། ངག་དབང་སྟོབས་ལྡན། 8050221732
  • Ø དགའ་ལྡན། ལྷོ་པ་ཁམས་ཚན། བློ་བཟང་བསྟན་དར།
  • Ø སྦེལ་ཀོབ་གཞིས་གྲོང་དང་པོ། གཉའ་ཁྲི་དཔེ་མཛོད་ཁང་།
  • Ø རྡ་ས། གཡུང་དྲུང་། 9129864757
  • Ø ལྡེ་ར་ལྡུན། སྟག་ལྗོངས་འཆི་མེད། 9805634232
  • Ø ཝཱ་ར་ཎ་སི། ཤ་གླན་འཇམ་དབྱངས་གྲགས་པ། 9956849598
  • Ø བལ་ཡུལ། མུ་ཁུམ་དཔེ་མཛོད། 303086341 ཀུན་དགའ། 9803388889
  • Ø ས་ར་མཐོ་སློབ། དཔལ་འབར་ཟླ་བ། 9129271118
  • Ø སུ་ཇ་སློབ་གྲྭ  རྡོ་རྗེ་དབྱངས་སྒྲོན།

བཅས་ཡིན་པས་དེ་ལུགས་དགོས་མཁོ་ཅན་དག་གིས་འབྲེལ་བ་གནང་རོགས་ཞུ་ཞེས་དེབ་བདག་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་༢༠༡༡་༩་༢༩ ཉིན་གུས་འདུད་དང་བཅས་ཏེ་ཕུལ།