སེ་ར་བླ་སྤྱིར་མར་མེ་ཁྲོམ་སྐོར་བྱས།

མྱ་ངན་དགོང་ཚོགས་དེར་སེ་ར་བྱེས་སྨད་གཉིས་ཀྱི་དགེ་འདུན་འདུས་མང་དང་། ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་འདུན་པ་དང་། གྲོང་སྡེའི་མི་སྐྱ་རེ་འགའ་ཡང་མཉམ་ཞུགས་བྱས་འདུག་པ་དང་། ཚོགས་ཐོག་ཏུ་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་གིས་བོད་དོན་ཆེད་རང་ལུས་མེར་བསྲེག་གིས་ལས་འགུལ་སྤེལ་མཁན་དག་ངོ་སྤྲོད་མདོར་བསྡུས་རེ་གནང་སོང་ལ། སེར་སྨད་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་མཆོག་གིས་བོད་དོན་ཆེད་རང་ལུས་མེ་རུ་སྤར་མཁན་གྱི་རྒྱལ་གཅེས་དཔའ་བོ་དག་གིས་བོད་མི་སྤྱི་དང་། ལྷག་པར་རང་རེ་རང་དབང་ལུང་པར་ཡོད་མཁན་རྣམས་ལ་དྲན་སྐུལ་ཆེན་པོ་ཞིག་བྱས་པར་འདོད་པས། རྣམས་པ་ཚང་མས་ཁོང་རྣམས་པའི་དམིགས་དོན་བཞིན་བོད་དོན་ལས་འགུལ་སྤེལ་དགོས་པའི་བཀའ་སློབ་གནང་།

དེའི་རྗེས་སེར་སྨད་དགེ་སྐོས་ཀྱིས་སེ་རའི་དགེ་འདུན་འདུས་མང་གི་མགྲིན་ཚབ་བྱས་ནས་རྒྱ་ནག་གཞུང་གིས་རང་གཞན་གཉིས་ཕུང་གི་རྒྱུ་རུ་གྱུར་བའི་བོད་ཐོག་དམ་དྲག་བྱེད་བཞིན་པ་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་མོ་བྱས་པ་དང་། འཛམ་གླིང་རྒྱལ་སྤྱིའི་ཐོག་བོད་དོན་ཆེད་རྒྱབ་སྐྱོར་གནང་བཞིན་པའི་རྒྱལ་ཁབ་དང་ཚོགས་པ་སྒྲིག་འཛུག་ཁག་གིས་རྒྱ་ནག་གི་དཔལ་འབྱོར་གཅིག་པུར་མ་བལྟས་པར་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་བོད་རང་དབང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད། མཇུག་ཏུ་བོད་དོན་ཆེད་རང་སྲོག་དོར་བའི་བོད་ཀྱི་དཔའ་བོ་དཔའ་མོ་དག་གི་ཆེད་དུ་བསྔོ་སྨོན་གནང་བ་དང་། མར་མེའི་ཁྲོམ་སྐོར་ཞིག་ཀྱང་བྱས་སོང་།།
མེ་སོར་གསར་འགོད་པས།