རྒ་འབོད་རྒུན་ཆང་སིལ་མ།
༈ ཡར་བྱང་ཁོག་སྦུགས་ལ་སྐྱེ་དགུའི་རྣམ་པ་དེ་ཤར་བྱུང་།།
སེམས་སྐྱོ་སྣང་ཞིག་གིས་མིག་ཆུ་རྡོག་སྣ་རུ་ཟག་སོང་།།
ལྷ་དཀོན་མཆོག་གསུམ་ལ་མཆོད་མེ་སྐོང་བུ་ཞིག་ཕུལ་ཡོད།།
ཐུགས་སྙིང་རྗེ་ཆེན་པོས་བྱིན་རླབས་གང་དྲགས་ཤིག་གནང་རོགས།།
ཆོས་ཡེ་གེ་དྲུག་མའི་བྱིན་རླབས་ད་ལྟ་རང་སྨིན་ནས།།
ཚེ་ཕྱི་མའི་ཡུལ་གྱི་རྣམ་ཤེས་འཁྱམ་པོ་དག་བསྐྱབ་རོགས།།
ལྷ་ཐུགས་རྗེ་ཆེན་པོས་དངོས་གྲུབ་ད་ལྟ་རང་བསྩལ་ནས།།
སྡུག་སྐྱོ་བས་ཚོས་པའི་སྐྱེ་དགུའི་ན་ཟུག་འདི་བསལ་རོགས།།
ཤ་ཚ་མོ་ཁ་ཆར་བུ་ཡུག་འཚུབ་སའི་གནས་འདི་རེད།།
བོད་མགོ་ནག་མི་ཡི་ཟུག་ཁྲག་དམར་པོ་སྐྱིལ་ས་རེད།།
རོ་མང་པོ་སྤུངས་སའི་གནམ་འོག་དུར་ས་ཆེ་ཤོས་རེད།།
དགྲ་དམར་པོས་མཐོང་ཡང་མིག་ཆུ་ཤོར་ནས་ཡོང་ས་རེད།།
ཆུ་ཆེན་པོ་འབབ་སའི་ཆུ་མགོ་གོང་མ་དེ་བོད་རེད།།
མི་གསོན་པོ་བསད་ནས་ཁྲག་དམར་བཞུར་ས་ཡང་འདི་རེད།།
ནང་ཞི་བདེའི་འོད་སྣང་མཆེད་སའི་གནས་མཆོག་དེ་བོད་རེད།།
སྡུག་ཆག་སྒོའི་ཚང་ཆེན་ནག་པོ་རྡོལ་ས་ཡང་འདི་རེད།།
གདོང་ཐལ་བའི་ཀློང་གི་མིག་ཆུ་དེ་བཙན་གྱིས་ཕྱིས་ཤོག།
མི་ས་ཡ་དྲུག་གི་སེམས་རྩ་ཁྱེད་ཚོ་ལ་འཁོར་ཡོད།།
ལོ་ན་ནིང་སྐྱོ་བ་རྡོག་པས་ཤུགས་ཀྱིས་རང་མནན་སྟེ།།
ད་སྟོད་ལངས་གྱིས་ཤོག་ཁམས་རྒ་བའི་ཡུལ་སྡེ་ཚེ་རིང་།།
ཤི་བར་དོའི་ཡུལ་གྱི་རྣམ་ཤེས་ལ་འཁྲེང་བ་ཆོད་ཅིག།
ལྷ་སྤྱན་རས་གཟིགས་ཀྱི་མཐུ་རྩལ་འདི་ཆུང་གི་མ་རེད།།
ཁྱེད་ཤུལ་ལུས་མི་མང་ང་རྒྱལ་གྱིས་མདུན་མཆོང་གནོངས་དང་།།
ངེད་ཁ་བ་བོད་ཀྱི་སྐྱིད་སྡུག་འདི་གཅིག་ལས་གཉིས་མེད།།
མཚན་རྨི་ལམ་འཁྲུགས་ཀྱང་ཁ་ཕོ་དེ་ཡང་སྡོམ་གྱིས་དང་།།
ས་ནག་པོ་འགུལ་ཡང་ཡང་འདུག་ཅིག་ད་དུང་བྱེདདགོས།།
ཡུལ་གནམ་ས་གཉིས་གོར་རེར་གདོང་ཐུག་མ་རྒྱབ་བར་དུ།།
ངེད་གདོང་དམར་ཚང་རྒོད་རྒོད་ཀྱིས་ད་དུང་ཡང་ཆགས་དགོས།།
སེམས་ཆོག་ཤེས་གྱིས་ནས་འདུག་སྟངས་དེ་མཁས་ཙམ་གནང་དང་།།
སྤང་མེ་ཏོག་མཛེས་པོའི་ཁོར་ཡུག་ཤིག་ས་དེར་མེད་ཀྱང་།།
ངེད་ཕུ་ནུའི་དུང་བའི་མཚོ་ཆེན་ཞིག་ས་དེར་སྐྱིལ་ཡོད།།
འདི་ཐག་རིང་ཡུལ་ནས་མྱ་ངན་ཞུ་ས་སྐྱེ་དགུའི་སྤུན་ཟླ།།
སྡུག་ཡ་ཁོག་འཁྱིལ་བའི་མིག་ཆུ་དེ་སྐམ་ཐབས་གྱིས་དང་།།
འཆི་མི་རྟག་འདྲེ་མོས་སྔོན་རྗེས་སུ་གཟའ་རྒྱུ་ཆ་རེད།།
ཚོགས་དགེ་འདུན་འདུས་པའི་ར་མདའ་བཙན་པོ་འདིར་གཟིགས་ནས།།
བློ་བདེ་པོ་བྱས་ཏེ་རྗེས་མའི་འདུག་ཆུས་ལ་འབད་རོགས།།
སྟོད་རྫ་སྤང་གསེང་གི་སེམས་ཅན་དེ་མིག་གིས་སྲུང་ཞིག།
སྤྱང་དམར་པོ་དེ་ཚོས་ནམ་ཡང་ཤ་ཁྲག་ལ་རྔམ་འདུག།
སྤུན་ཕུ་ནུའི་རྒྱུད་པའི་བྱིས་པ་ཚོ་རང་སར་སྐྱོང་དང་།།
དགྲ་འཆི་བདག་ནག་པོས་འདྲེ་ལག་དེ་ཡང་ཡང་སྲིང་བྱུང་།།
ཐག་ཆོད་པོའི་ངང་ནས་སེམས་པ་གུ་ཡངས་རེ་གནོངས་དང་།།
ངུ་འབོད་དང་ལྡིར་སྒྲ་རྣམས་རྣ་བར་རོ་ལངས་རྒྱབ་ཀྱང་།།
བྱས་བསགས་ཀྱི་ལས་ངན་རྣམས་དག་ཐབས་བྱས་པ་ལོས་ཡིན།།
རྒྱུ་འབྲས་ཀྱི་ཁྲིམས་ལུགས་ལ་འགྱུར་མེད་ཀྱི་དམ་ཕྲུག་ཕོག་འདུག།
ཁྱེད་ཅག་གི་ན་ཟུག་ང་ཚོ་ཡི་སེམས་ནང་བསགས་ཡོད།།
ང་ཚོ་ཡི་ཡོད་ཚད་ཁྱེད་ཅག་གི་འགྲམ་དུ་ཕུལ་ཡོད།།
མཛའ་མཐུན་གྱི་རི་མོ་གངས་རིའི་ངོས་སུ་དོད་བྱུང་།།
སྐྲག་ས་མེད་ས་ནག་དང་དགྲ་ནག་མཉམ་དུ་གཡོས་ཀྱང་།།
རྫ་རི་མགོའི་སྟེང་གི་ལ་བཙས་དེ་ཐུར་དུ་ཤིག་ཤོག།
གཉེན་ཕུ་ནུ་བཅོམ་པའི་གཞི་བདག་དེ་བསྟོད་ས་ཡིན་རབས།།
ས་ཡུལ་བདག་ཟེར་བ་རིང་ས་ཞིག་གནས་དབྱུང་ཐོངས་ཤིག།
དགྲ་དམར་པོའི་དཔུང་རོགས་ང་ཚོ་ལ་མི་དགོས་ཨ་རོ།།
ས་ནོར་འཛིན་བུ་མོས་རང་ཚོད་དེ་ཁྲིགས་སེ་ཟུངས་ཤིག།
དུས་ད་ལྟའི་བར་དུ་ཕ་ས་ཞེས་གཅེས་སྤྲས་བྱས་ཡོད།།
ཁྱོད་འགུལ་ལྡེག་གིས་དགྲ་དགའ་གཉེན་སྡུག་བྱེད་འདོད་ཡོད་ན།།
མཚོན་རྡུལ་ཕྲན་གྱིས་དུམ་བུ་སྣ་དགུར་གཏོར་ཐབས་འདུག་གོ།
སྡུག་མུན་པ་འཁོར་བའི་ཁུར་པོ་ཡིན་པ་དེ་ཤེས་ནས།།
སྐྱིད་མི་ཚེ་སེམས་ཀྱི་ལོངས་སྤྱོད་ཡིན་པ་དེ་རྟོགས་དགོས།།
ཆོས་མི་རྟག་འདུས་བྱས་རང་མཚང་ངན་པ་དེ་དྲན་ནས།།
ཧོན་འཐོར་ཏེ་རྒྱུན་དུ་ངུས་ནས་རང་མ་འདུག་ཁ་དྲོ།།
གྱང་རོ་གྱི་རྣམ་པ་ན་ནིང་གི་ལོ་རྒྱུས་གསོན་པོ།།
ས་ཧྲུལ་དང་རྡོ་ཆག་ཤ་གསེང་གི་ན་ཟུག་སློང་རོགས།།
ལྡིར་སྒྲ་དང་ངུ་སྐད་བརྗེད་མེད་ཀྱི་སེམས་ཆུང་གཤེད་མ།།
ལྷ་ཚོགས་ཀྱི་དཔུང་གིས་ཞི་བདེའི་གཡང་ས་ལ་བསྒྱུར་རོགས།།
ལོ་གཅིག་གི་ཡར་སྔོན་མི་རོའི་གླིང་དེ་རྒ་བའི་ཡུལ།།
ཞག་སུམ་བརྒྱ་འཁོར་ཡང་བརྗེད་དུ་མེད་པའི་ཡུ་ཤུལ་བ།།
འདི་ལྷ་མི་གཉིས་ཀྱིས་ཁོག་ཤེད་ཕྱུང་ནས་སྲུང་ས་ཁྱོད།།
སྐྱབས་དཀོན་མཆོག་གསུམ་པོས་ནམ་ཡང་གཟིགས་པ་གྱུར་ཅིག་གུ།
༢༠༡༡་༤་༡༤ ཉིན།