འཇིགས་སྐུལ་བ་འཇུ་ཐུབ་ན་ཨ་སྒོར་ས་ཡ་བཅུའི་བྱ་དགའ།
ཨ་རིས་རྒྱ་གར་ནང་ཕྱི་ཟླ་༡༡ ཚེས་༢༦ ཉིན་དོན་རྐྱེན་སློང་མཁན་གྱི་གཏེར་དཔོན་ཧཱ་ཧྥི་ཛི་སཱ་ཡཱེད་འཛིན་བཟུང་ངམ་ཡང་ན་གནས་ཚུལ་མཁོ་སྤྲོད་བྱེད་མཁན་བྱུང་ན། ཨ་སྒོར་ས་ཡ་༡༠ རྔན་པ་སྤྲད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།
གནས་ཚུལ་དེ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་རཱ་ཇན་མ་ཐའེ་ལ་ཨ་རིའི་སྲིད་དོན་དྲུང་ཞབས་ཝེན་ཌི་ཤར་མན་རྒྱ་གར་དུ་གཟིགས་སྐོར་སྐབས་ལ་བརྗོད་པ་ཞིག་ཡིན་པ་རེད། སཱ་ཡེད་ནི་ཨ་རིས་ནག་ཉེས་ཀྱི་ཐོ་གཞུང་ནང་འཁོད་པའི་ཚོགས་པ་ལ་ཤ་ཀར་ཨེ་ཏོ་བྷ་འགོ་བཙུགས་མཁན་དང་། རྒྱ་གར་གྱིས་སྒོ་རྒྱབ་ཟིན་པའི་ཇཱ་མཱད་ཨུད་ཌ་ཝའི་གཏེར་དཔོན་ཡིན་པ་རེད།
དེ་སྔོན་རྒྱ་གར་དུ་ཕྱི་ཟླ་༡༡ ཚེས་༢༦ ཉིན་བྷོམ་བྷེ་ལ་འཇིགས་སྐུལ་རིང་ལུགས་པས་ཨ་རི་མི་དྲུག་ཚུད་པའི་མི་མང་༡༦༦ རྐྱེན་ལམ་དུ་བཏང་ནས། འཇིགས་སྐུལ་གྱི་གནས་ཚུལ་ཆེན་པོ་ཞིག་བྱུང་བ་དང་། དོན་རྐྱེན་དེ་ནས་བཟུང་སཱ་ཡེད་རྒྱ་གར་གཞུང་གི་ཉེས་ཅན་པ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།
འོན་ཀྱང་ད་བར་རྒྱ་གར་གཞུང་གིས་ཉེས་ཅན་པ་སཱ་ཡེད་འཛིན་བཟུང་བྱེད་ཐབས་མང་པོ་བྱས་ཀྱང་། སཱ་ཡེད་པ་ཀི་ས་ཐཱན་དུ་རང་དབང་ངང་རྒྱ་གར་ལ་ངོ་ལོག་གི་གཏམ་བཤད་འབའ་ཞིག་སྤེལ་བཞིན་འགྲོ་འདུག་བྱེད་ཀྱི་ཡོད་པ་རེད།
མ་ཟད་དུས་རྒྱུན་པ་ཀི་སི་ཐཱན་གྱི་གྲོང་ཁྱེར་ཨི་ས་ལམ་བྷ་ཌ་ནང་བློན་ཆེན་དུ་མའི་ལྷན་དུ་ཚོགས་འདུ་འཚོགས་པ་སོགས་བྱེད་ཀྱི་ཡོད་པ་རེད། པ་ཀི་ས་ཐཱན་གྱིས་ཁོ་རང་སྲུང་སྐྱོབ་ཀྱིས་ཡང་ཡང་བརྗོད་དོན། གལ་ཏེ་རྒྱ་གར་གྱི་སཱ་ཡེད་ལ་ཁྲིམས་གཅོད་ལག་བསྟར་འོས་པ་དང་། དངོས་འབྲེལ་གྱི་བདེན་དཔང་ལྡན་ན་དྲང་བདེན་གྱི་ཁྲིམས་ཐག་གཅོད་ཐུབ་ཅེས་བརྗོད་ཡོད།
ད་ལྟའི་ཆ་ནས་སཱ་ཡེད་ལ་ཨ་རིའི་༩་༡༡ དོན་རྐྱེན་གྱི་གཏེར་དཔན་སྟེེ་ཏཱ་ལི་བྷན་གྱི་སྒྲིག་འཛུགས་བཙུགས་མཁན་མུལ་ལ་ཨོ་མར་གྱི་ཉེས་པ་དང་གཅིག་པ་ཕོགས་ཡོད་པ་རེད། སཱ་ཡེད་ཨ་རིའི་འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་ཐོ་གཞུང་གི་ཨང་དང་པོར་བཞག་ནས་ཨོ་བྷ་མའི་གཞུང་གིས་པ་ཀི་ས་ཐཱན་གཞུང་གིས་མི་དེར་ཁྲིམས་ཆད་གཏོང་དགོས་པའི་གནོན་ཤུགས་གཏོང་བཞིན་ཡོད་པ་རེད།
