ལྷོ་ཤར་ཨེ་ཤ་ཡི་རྒྱལ་ཁབ་བཅུའི་ཚོགས་ཆེན།

south china seaལྷོ་རྒྱ་ནག་གི་མཚོའི་གཏེར་ཁ་འཚོལ་ཞིབ་བྱེད་པ་དེས།  སོ་སོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད་ཅེས་རྒྱ་ནག་གིས་རྒྱ་གར་ལ་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཟླ་འདིའི་ཚེས་༥  ཉིན་བརྒྱུད་ལམ་ཁག་ཏུ་སྤེལ་འདུག

དེ་ཡང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་བཅུའི་ཚོགས་ཆེན་དེ་ཀམ་བྷོ་ཌི་ཡར་དུ་ཟླ་འདིའི་ཚེས་༢ ནས་ཉིན་གཉིས་རིང་འཚོགས་པ་དང་། ཚོགས་ཐོག་ཏུ་མཚོ་ཐོག་སྐྱེལ་འདྲེན་གྱི་རྩོད་གཞི་དང་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའི་ལས་འཆར་སོགས་ཀྱི་བརྗོད་གཞི་དང་འབྲེལ་བའི་སྐོར་བགྲོ་གླེང་གྲོས་བསྡུར་བྱས་ཡོད་པ་རེད།

རྒྱ་གར་གྱི་སྣུམ་གྱི་བཟོ་གྲྭ་ཞིག་དང་ཝེ་ཏི་ནམ་གྱི་སྣུམ་གྱི་བཟོ་གྲྭ་ཞིག་ཟུང་སྦྲེལ་གྱིས་ལྷོ་རྒྱ་ནག་གི་མཚོ་རུ་རྡོ་སྣུམ་མྱུལ་ཞིབ་བྱེད་ཀྱི་ཡོད་པ་དེར།  ཐེངས་འདིའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་དབར་གྱི་ཚོགས་འདུའི་སྐབས་རྒྱ་གར་ལ་རྒྱབ་སྐྱོར་བྱས་ཡོད་པའི་རྐྱེན་གྱིས། རྒྱལ་ཁབ་བཅུའི་ཚོགས་འདུ་འཇུག་བསྒྲིལ་ནས་ཉིན་གཅིག་གི་རྗེས། རྒྱ་གར་གིས་ལྷོ་རྒྱ་ནག་གི་མཚོའི་གཏེར་ཁ་འཚོལ་ཞིབ་བྱེད་པ་དེས་སོ་སོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད་ཅེས་རྒྱ་ནག་གིས་རྒྱ་གར་ལ་ཉེན་བརྡ་བཏང་ཡོད་པ་རེད།

རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བཅུའི་ཚོགས་འདུའི་སྐབས་ལྷོ་རྒྱ་ནག་གི་མཚོའི་རྩོད་རྙོག་དེ་ཚོགས་འདུའི་ཐོག་གོ་བསྡུར་མི་ཡོང་བའི་འབད་བརྩོན་ཤུགས་ཆེ་བྱས་ཡོད་ཀྱང།   ཚོགས་ཐོག་ཏུ་དེའི་སྐོར་ལ་གོ་བསྡུར་ལྷུག་པོ་བྱས་ཡོད་པས། རང་བཞིན་གྱིས་རྒྱ་ནག་ལ་ཕོག་ཐུག་བཏང་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་གིས་ང་ཚོར་དབང་བའི་མཚོ་ཁུལ་རྣམས་ལ་རྒྱལ་ཁབ་ཁ་ཤས་དབར་གྱི་མཉམ་སྦྲེལ་སྲིད་ཇུས་བཟུང་བ་དེར་རྒྱབ་སྐྱོར་མེད་ཅེས་དང།   རྒྱ་གར་གི་སྣུམ་གྱི་བཟོ་གྲྭ་དེར་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཉེན་ཁ་མང་པོ་ཞིག་ཡོད་པ་མ་ཟད།  རྩོད་རྙོག་ཡོད་པའི་མཚོའི་ས་ཁུལ་དུ་སྣུམ་མྱུལ་ཞིབ་བྱེད་པར་འགྲོ་སོང་གི་ཁེ་ཕན་ཡོད་མེད་ལ་ཞིབ་འཇུག་ཡག་པོ་བྱེད་དགོས་པ་རེད་ཅེས་ཉེན་བརྡ་བཏང་འདུག

south china sea

ལྷོ་རྒྱ་ནག་གི་མཚོའི་བརྒྱ་ཆ་༩༠   རྒྱ་ནག་ལ་དབང་བ་ཡིན་ཞེས་རྒྱན་ནག་གིས་བརྗོད་ཀྱི་ཡོད་པ་རུང།  མཚོ་དེ་རྒྱལ་ཁབ་བཅུས་མཐའ་བསྐོར་ཡོད་པ་རེད།  མ་ཟད་མཚོ་དེའི་གཡས་གཡོན་དུ་མཚོ་གླིང་མང་པོ་ཞིག་ཡོད་ཀྱང།  ད་ལྟའི་ཆར་རྒྱ་ནག་གིས་མཚོ་གླིང་༧  དང།  ཝེ་ཏི་ནམ་གྱིས་མཚོ་གླིང་༤༠   དེ་བཞིན་ཧྤི་ལི་ཕིན་གྱིས་མཚོ་གླིང་༩  མ་ལེ་ཤ་ཡའི་མཚོ་གླིང་༥།   ཐེ་ཝན་གྱིས་མཚོ་གླིང་༡   བཅས་དབང་འཛིན་བྱས་ཡོད་པ་རེད།  ལྷོ་རྒྱ་ནག་གི་མཚོ་དེ་རྒྱལ་སྤྱིའི་ནང་མཚོ་ལམ་གལ་ཆེ་ཤོས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།།