སྦེལ་ཀོབ་ས་གནས་རང་བདེན་ཚོགས་ཆུང་གི་དཀའ་ངལ།

belkob2012-3-5རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་ལས་རོགས་བཅས་ཀྱིས་དགོངས་པ་ཞུས་པར་བརྟེན། ཟླ་འདིའི་ཚེས་༥ ཉིན་དུས་ཚོད་ལྟར་རང་བདེན་ཚོགས་ཆུང་སྒོ་ཕྱེ་ཐུབ་མེད་པ་རེད།

ས་གནས་ཀྱི་རང་བདེན་ཚོགས་ཆུང་དེ་རེས་གཟའ་ཕུལ་བུ་ནམ་ཡིན་ལ་སྒོ་ཕྱེ་དགོས་ཀྱི་ཡོད་པས། དེ་རིང་སྒོ་ཕྱེ་མ་ཐུབ་པར། ས་གནས་མང་ཚོགས་ལ་འབྲེལ་ཡོད་ངོས་སྤྱོར་མ་རག་པ་དང་། དཔྱ་ཁྲལ་ལག་དེབ་གསར་བཟོ་དང་། དཔྱ་དངུལ་ཕུལ་ས་མ་རག་པའི་དཀའ་ངལ་བྱུང་སྟེ་ལུགས་བསམ་ས་གནས་འགོ་འཛིན་ལས་ཁང་གི་དྲུང་ཡིག་དང་། བདེ་སྐྱིད་སླར་སློའི་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་། རང་བདེན་ཚོགས་ཆུང་གི་ཚོགས་མི་གཉིས་ཡོད་པ་བཅས་གྲོས་བསྡུར་བྱས་ཏེ་དཀའ་ངལ་སེལ་ཐབས་བྱ་རྒྱུ་བྱས་ཡོད་པ་རེད།

 

གནས་ཚུལ་དེའི་སྐོར་ལ་རང་བདེན་ཚོགས་ཆུང་གི་ཚོགས་མི་ཐོས་པ་ལ་སྐད་ཆ་དྲིས་སྐབས། ཁོང་གིས་ “ང་ཚོའི་ནང་ནས་གཙོ་བོ་ལྷ་དབང་ལགས་དྲུང་ཆེ་ཡིན་པར་བརྟེན། ཁོང་གིས་ལས་ཁང་གི་ཕྱག་ལས་གཙོ་བོ་གནང་གི་ཡོད་རེད་ལ། ལས་ཁང་དུ་མེད་སྐབས་ཀྱང་ཁོང་ལ་གླ་ཆ་སྤྲད་ནས་ལས་ག་ཡག་པོ་གནང་གི་ཡོད་རེད། དེ་ནས་དབང་རྒྱལ་ལགས་ཡོད་པ་རེད། ང་དང་ཟླ་ནོར་ཡང་ཡོད་པ་རེད། སྐུ་ཞབས་ལེགས་ཚོགས་ས་གནས་སུ་སྔོན་ཞིག་ནས་མ་བཞུགས་པ་རེད། ཡིན་ནའང་ང་ཚོས་ལས་ཀ་འཐུས་ཤོར་མེད་པ་བྱས་ཡོད་པ་རེད། བདུན་ཕྲག་སྔོན་མའི་ནང་ལྷ་དབང་ལགས་ཀྱིས་ཁོང་དང་དབང་རྒྱལ་ལགས་གཉིས་ཀྱིས་དགོངས་པ་ཞུས་པ་ཡིན་གསུངས་སོང་། ཁོང་དྲུང་ཆེ་ཡིན་པས་ཡིག་ཆ་དང་ལས་ཁང་གི་ལྡེ་མིག་ཁོང་གི་ལག་པར་ཡོད་པ་རེད། དེ་ཚོ་འདི་དང་འདི་རེད་ཅེས་ང་ཚོར་སྤྲད་ཡོད་པ་མ་རེད། དེ་རིང་ལས་ཁང་སྒོ་ཕྱེ་རན་དུས་ཁོང་བཞུགས་མི་འདུག ལྡེ་མིག་དེ་ཁོང་གི་སྤུན་ཟླ་བུ་མོ་ཞིག་གི་ས་ནས་བླངས་པ་ཡིན། ལས་ཁང་ནང་གི་རྩིས་ཁྲ་དང་། དངུལ། ཡིག་ཆ་དེ་ཚོ་ག་འདྲ་ཡིན་མིན་ང་དང་ཟླ་ནོར་ལ་བཤད་མ་སོང་། དེར་བརྟེན་དེ་རིང་ལས་ཀ་བྱེད་མ་ཐུབ་པར་མི་མང་ལ་དཀའ་ངལ་འཕྲད་ཡོད་པ་རེད།” ཅེས་བརྗོད་སོང་།

ཉིན་མོ་དེར་ལུགས་བསམ་ས་གནས་འགོ་འཛིན་ལས་ཁང་གི་དྲུང་ཡིག་དང་། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་མི་ཐོས་པ་དང་ཟླ་ནོར་བཅས་གྱིས་རང་བདེན་ཚོགས་ཆུང་དང་འབྲེལ་བའི་ས་གནས་མི་མང་གི་དཀའ་ངལ་སེལ་ཐབས་ལ་ལམ་སང་གྲོས་བསྡུར་བྱས་ཏེ། ས་གནས་འགོ་འཛིན་གྱིས་ལྷ་དབང་དང་དབང་རྒྱལ་གཉིས་ཀྱིས་མུ་མཐུད་ལས་ཕྱག་ལས་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་དང་། དེ་མ་བྱུང་ན་རང་བདེན་ཚོགས་ཆུང་ནང་ཚོགས་མི་གཉིས་ལ་འཕྲལ་སེལ་ལས་རོགས་མི་གླས་ནས་ལས་ཀ་འཐུས་ཤོར་མེད་པ་བྱེད་རྒྱུ་བྱས་ཡོད་པ་རེད་འདུག

ཐོས་པས་མུ་མཐུད་བཤད་དོན་ “ང་ཚོར་གློ་བུར་དུ་ལས་ཀ་མཚམས་བཞག་པ་ཡིན་ན་ས་གནས་མི་མང་ལ་དཀའ་ངལ་འཕྲད་ཀྱི་རེད་ལ། གཞུང་ལ་ཡང་དཀའ་ངལ་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་རིང་ས་གནས་འགོ་འཛིན་དང་གྲོས་བསྡུར་བྱུང་བ་ལྟར། ང་ཚོས་མི་མང་ལ་འགན་ཁུར་ཡོད་པའི་ལས་ཀ་བྱེད་རྒྱུ་དང་དཀའ་ངལ་མ་འཕྲད་པ་བྱེད་རྒྱུར་འབད་རྒྱུ་ཡིན་”ཞེས་བརྗོད་སོང་།

belkob2012-3-5

སྦེལ་ཀོབ་ས་གནས་རང་བདེན་ཚོགས་ཆུང་ནི་ཐོག་མར་ས་གནས་སུ་འཛུགས་ཐུབ་མིན་གྱི་དཀའ་ངལ་དུ་མ་འཕྲད་རྗེས། བཙན་བྱོལ་བོད་གཞུང་གིས་གཞུང་འབྲེལ་འགན་ཁུར་ཐོག་དེའི་སྐབས་ཀྱི་བཀའ་བློན་སྐལ་བཟང་ཡེ་ཤེས་སོགས་ས་གནས་སུ་ཆེད་ཕེབས་ཀྱིས། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༦༠ པའི་ནང་གསེས་ ༤ པའི་དགོངས་དོན་དང་མཐུན་པར་དམིགས་བསལ་འགྲོ་ལུགས་ཐག་གཅོད་གནང་སྟེ་བཙུགས་པ་ཞིག་ཡིན་པ་དང་། དེ་ཡང་ཐོག་མར་ཚོགས་མི་ ༩ ལས་གྲུབ་ཡོད་པ་དང་། རིམ་བཞིན་ཚོགས་མི་རྣམས་དགོངས་པ་ཞུས་ནས་ད་ལྟ་ཚོགས་མི་གསུམ་ཡོད་པ་ལས་ས་གནས་སུ་གཉིས་ལས་ལྷག་མེད་པ་རེད་འདུག །
མེ་སོར་གསར་འགོད་པས།