ཨོ་གླིང་དང་ནིའུ་ཛི་ལེན་ཌི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཆེན།
ཨོ་ཁྲུ་ལི་ཡ་དང་ནེའུ་ཛི་ལེན་ཌི་རྒྱལ་ཁབ་གཉིས་ཀྱི་བོད་རིགས་མཐུན་ཚོགས་ཁག་གཉིས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༥ དེ། ཨོ་སུ་ཁྲུ་ལི་ཡའི་མེལ་བྷོན་གྲོང་ཁྱེར་གྱི་ཉེ་ཁྲེས་སུ་ཡོད་པའི་བཀའ་རྒྱུད་ཁྲ་འགུ་རིན་པོ་ཆེའི་ཆོས་ཚོགས་དུ་འཚོགས་ཡོད་པ་རེད།
དེ་ཡང་ཨོ་སུ་ཁྲུ་ལི་ཡའི་མེལ་བྷོན་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཟླ་འདིའིི་ཚེས་ ༦ ནས་ཚེས་ ༨ འཚོགས་ཀྱི་ཡོད་པ་དང་། ཐོག་མར་ས་གནས་ཁག་མི་འདྲ་བ་གང་ས་ནས་ཆེད་དུ་ཚོགས་ཆེན་ལ་བཅར་བ་ཡོངས་ཚང་འཛོམས་བྱུང་བ་དང་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ཚོགས་མི་རྣམས་ཀྱིས་མཇལ་དར་ཕུལ་ཏེ། སྐྱབས་མགོན་རིན་པོ་ཆེའི་ཞབས་བརྟན་སྨོན་ལམ་དབུལ་འདོན་བྱས།
དེ་ནས་བོད་ཀྱི་རྒྱལ་གླུ་གཏོང་བ་དང་འབྲེལ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེག་གཏོང་མཁན་དཔའ་བོ་དཔའ་མོ་ཡོངས་དང་། གཞན་ཡང་བོད་བསྟན་སྲིད་ཆེད་ལུས་སྲོག་ཤོར་བ་ཡོངས་ལ་མྱ་ངན་ངག་བཅད་སྐར་མ་གཅིག་བྱས་རྗེས། བསྔོ་བ་སྨོན་ལམ་བྱས་ཡོད་པ་རེད། དེ་རྗེས་དངོས་སུ་ཚོགས་འདུ་འགོ་འཛུགས་དང་འབྲེལ་ཨོ་གླིང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་དྲུང་ཆེ་དངོས་གྲུབ་རྒྱལ་མཚན། དོན་གཅོད་ལས་ཁུངས་ཀྱི་རྒྱ་བོད་འབྲེལ་མཐུད་པ་བསྟན་འཛིན་ཟླ་སྒྲོན་ལགས། དེ་བཞིན་ས་གནས་སོ་སོའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྣམས་ཀྱིས་རེ་རེ་བཞིན་མཐུན་ཚོགས་སོ་སོའི་ངོས་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གཅེས་འཛིན། བོད་མིའི་མཐུན་ལམ། ཆབ་སྲིད་ལས་འགུལ་སོགས་ཇི་ལྟར་སྤེལ་བཞིན་ཡོད་མེད་ལས་བསྡོམས་སྒྲོགས་སྦྱང་བྱས་སོང་། ད་ཐེངས་ཀྱི་ཚོགས་འདི་ཡི་ཐོག་ལ་ཁྱོན་ཚོགས་བཅར་བ་རྒན་དར་གཞོན་གསུམ་མི་གྲངས་ཉིས་བརྒྱ་མ་ཟིན་ཙམ་ཞིག་ཡོད་པ་རེད།
དེ་བཞིན་ཐེངས་འདི་ཚོགས་འདུའི་གོ་སྒྲིག་པའི་ཚོགས་གཙོ་ཐུབ་བསྟན་དོན་གྲུབ་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་ཕེབས་བསུའི་གཏམ་བཤད་གནང་བ་དང་སྦྲགས། ཚང་མ་ཚོགས་འདུའི་ཐོག་མཉམ་ཞུགས་དགོས་སྐོར་དང་། སྐབས་དོན་བརྗོད་གཞི་ལས་མ་རྒལ་བར་བསམ་ཚུལ་དང་གྲོས་བསྡུར་བྱེད་དགོས་སྐོར་སོགས་གསུངས་ཡོད་པ་རེད།
དེ་མཚུངས་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཀྱང་ཚོགས་འདུ་གལ་ཆེན་པོ་རེད། ས་གནས་ཁག་སོ་སོ་ནས་ཚོགས་བཅར་བ་མང་པོ་ཕེབས་འདུག བོད་མི་རིགས་ཀྱི་རྩ་དོན་སྒྲུབ་ཕྱོགས་དང་འབྲེལ་བའི་ཚོགས་ཆེན་ཚོགས་འདུ་འདི་ལྟ་བུ་ལ་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་རེད་ལ། ཧ་ཅང་ཡག་པོ་རེད། རྣམ་པ་ཚོས་གྲོས་འཆར་འདོན་པ་དང་བསམ་ཚུལ་གང་འདྲ་ཞིག་བཤད་ཀྱང་རང་དབང་རེད་ལ་བཤད་དགོས་ཀྱི་ཡོད་རེད། འོན་ཀྱང་། རྣམ་པ་ཚོས་བསམ་ཚུལ་བཤད་སྐབས་ཕན་ཚུལ་ལ་དོ་ཕོག་འགྲོ་བའི་ཚིག་དང་། འགལ་ཟླ་ཡོང་གཞིའི་ཚིག་དེ་འདྲ་ནམ་ཡང་བེད་སྤྱོད་མ་གནང་རོགས་གནང་ཞེས་ངས་ནན་ཏན་བྱས་ཏེ་འབོད་བསྐུལ་ཞུ་རྒྱུ་ཡིན་ཞེས་ཚོགས་གཏམ་བཤད་བྱས་ཡོད་པ་རེད།
ད་ཐེངས་ཀྱི་ཚོགས་འདུའི་གྲོས་གཞི་དང་བགྲོ་གླེང་གི་རྗོད་གཞི་གཙོ་བོ་ཁག་༧ ཡོད་པ་དེ་དག་ནི། དང་པོ། ཆོས་དང་རིག་གཞུང་སྐོར་ཡིན་པ་དང་དེ་ལ་ནང་གསེས་དོན་གནད་གསུམ་ཡོད་པ་དང་། གཉིས་པ། བོད་ཀྱི་བདེ་དོན་གསལ་ཐབས་སྐོར་ལ་ནང་གསེས་དོན་གནད་དྲུག་ཡོད། གསུམ་པ། ས་གནས་བོད་རིགས་མཐུན་ཚོགས་ཁག་ཚགས་ཚུད་དང་། ཡར་རྒྱས་ཟེར་བའི་སྐོར་ལ་ནང་གསེས་དོན་ཚན་གཉིས་ཡོད། བཞི་པ། དང་བླང་དཔྱ་དངུལ་སྐོར་ཡིན་པ་དང་དེ་ལ་ནང་གསེས་གཉིས་ཡོད་འདུག ལྔ་བ། བོད་མི་མང་སྤྱི་འཐུས་ཀྱི་སྐོར་ཡིན་པ་རེད། དྲུག་པ། ཚོགས་ཆེན་བཞི་བའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་ཀྱིས་དམིགས་བསལ་མཇུག་གནོན་ཞུ་དགོས་ཇི་དགོས་སོགས་ཀྱི་སྐོར་དང་། བདུན་པ། ཚོགས་ཆེན་ཚོགས་འདུའི་ཐོག་ལ་སྤྱི་སྨན་དགོངས་འཆར་བཤད་རྒྱུ་སོགས་དོན་ཚན་དེ་དག་གི་ཐོག་ལ་བགྲོ་གླེང་དང་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག ད་ཐེངས་ཀྱི་ཨོ་གླིང་དང་ནེའུ་ཛི་ལན་ཌི་རྒྱལ་ཁབ་གཉིས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་ལྔ་པ་འདིའི་ཐོག་ལ་ཚོགས་བཅར་བྱས་པའི་ཚོགས་ཞུགས་པ་རྒན་གཞོན་ཚང་མས་རང་རང་གི་རྣམ་དཔྱོད་རིག་རྩལ་ལ་བརྟེན་ནས་ཚོགས་ཐོག་གཏམ་བཤད་དང་། རེ་བསྐུལ། དོགས་འདྲི། འགྲོ་གཞི་འཇོག་པ་སོགས་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སུ་ཁྲུ་ལི་ཡའི་མེལ་བྷོན་བཀའ་རྒྱུད་ཆོས་ཚོགས་ནས། ཕྱ་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ ལ།།
