གསེར་ཡིག་གིས་འབྲི་དགོས་པའི་ལོ་རྒྱུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༨༠  ཕྱི་ལོ་ ༢༠༡༢/༤/༤
བོད་མི་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་ཞེས་བརྗོད་སྲོལ་ཡོད་པ་བཞིན། དོན་དུའང་ལས་ལ་བརྩོན་སེམས་ལྡན་ཞིང། རྩ་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་ནས་འཐབ་རྩོད་བྱེད་ཕོད་པའི་དཔའ་ངར་ཅན་གྱི་མི་རིགས་ཤིག་ཡིན་པ་ཕྱོགས་གང་ནས་བལྟས་ཀྱང་ར་སྤྲོད་གསལ་པོ་བྱུང་ཡོད།

འདས་མ་ཐག་པའི་ལོ་འདི་དང། ད་ལྟ་འགྲོ་བཞིན་པའི་ལོ་འདིའི་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་སུམ་ཅུ་ལྷག་ཅིག་གིས་རང་ཉིད་བློས་བཏང་ནས། རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་རྩོད་ལེན་ཆེད་རང་ལུས་མཆོད་མེར་སྦར་ཡོད་པ་དེའི་ཐོག་ནས། འཛམ་གླིང་གི་དཔོན་རིགས་ཁག་གི་ཁ་ནས་ཇི་ལྟར་བརྗོད་མིན་ལ་མ་ལྟོས་པར། སེམས་ནང་དུ་ད་ལྟའི་ཆར་བོད་དེ་རྒྱ་ནག་གི་བཙན་གནོན་འོག་ཏུ་ཡོད་ཀྱང། མཐའ་མ་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་མི་སྡོད་པར་རྒྱ་དམར་དྲག་པོའི་གཞུང་དང་ཁ་བྲལ་དུ་འགྲོ་རྒྱུ་ཡིན་པ་ཤེས་རྟོགས་གསལ་པོ་བྱུང་ཡོད།

རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཚེ་སྲོག་བློས་བཏང་ནས་རྩ་དོན་རྩོད་ལེན་བྱས་པའི་བཀའ་དྲིན་ལ་བརྟེན་ནས། བོད་མི་རིགས་ཀྱི་སེམས་ཤུགས་མེ་འབར་བ་བཞིན་དུ་གྱུར་ཡོད་ལ། རྒྱལ་སྤྱིའི་ཐོག་ནས་ཀྱང་བོད་དོན་ལ་དོ་སྣང་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་དང་འབྲེལ་བའི་གྲོས་འཆར་དོན་ཚན་ལྔ་ཅན་ཞིག་གཏན་འབེབས་གནང་ཡོད་ལ། འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མང་པོ་ཞིག་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ཡིག་ཐོག་ནས་བོད་དོན་ཐག་གཅོད་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། ཉེ་ཆར་བོད་རིགས་རྒྱལ་གཅེས་དཔའ་བོ་གསུམ་གྱིས་དུས་ཚོད་ངེས་མེད་ཀྱིས་ཟས་བཅད་ངོ་རྒོལ་གནང་བར་བརྟེན། རྒྱལ་ཚོགས་ཀྱིས་ཀྱང་བོད་དོན་ལ་དོ་སྣང་ཅུང་ཙམ་བྱེད་བཞིན་ཡོད་པ་སོགས་མདོར་བསྡུས་ན་དེ་དག་ཚང་མ་རང་སྲོག་བློས་གཏོང་མཁན་ཚོའི་བཀའ་དྲིན་རེད།

རྒྱ་དམར་དྲག་པོའི་གཞུང་གིས་བོད་མི་རེས་རང་ལུས་མེར་བསྲེག་བཏང་བའི་སྐབས་ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་ཚུལ་བསྐྱར་བརྗོད་ཡང་བརྗོད་བྱེད་བཞིན་ཡོད་པ་ལས། འཁྱོག་བཤད་གཞན་བྱེད་རྒྱུ་མ་རྙེད་པར་ལུས་ཡོད། རྒྱ་དམར་གཞུང་གིས་བོད་པ་དེ་དྲག་པོའི་ཐབས་ལམ་ཁོ་ནའི་ཐོག་ནས་དབང་བསྒྱུར་བྱེད་འཆར་ཡོད་ཀྱང། དུས་རབས་ཉེར་གཅིག་པའི་ནང་དུ་འདི་ལྟ་བུའི་སྲིད་བྱུས་ལག་བསྟར་བྱེད་པ་ནི། རང་ཉིད་ཀྱི་རྐང་པར་ཐག་པ་བཏགས་པ་དང་གཅིག་མཚུངས་སུ་གྱུར་ཡོད། དྲག་པོའི་ཐབས་ལམ་ལ་བརྟེན་ནས་བོད་པ་མི་ལོ་དྲུག་ཅུ་ཙམ་ལ་དབང་བསྒྱུར་བྱས་ཀྱང། ད་དུང་བོད་མི་རིགས་ཀྱི་སེམས་པ་རྒྱ་དམར་དྲག་གཞུང་གི་ལག་ཏུ་གཏན་ནས་ལོན་མེད་པར། དུས་རྒྱུན་ཞི་རྒོལ་སྐད་འབོད་བྱེད་མཁན་རྒྱུན་ཆད་མྱོང་མེད་ལ། གཅེས་པའི་ཚེ་སྲོག་བློས་བཏང་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་བྱེད་མཁན་ཡང་གྲངས་ལས་འདས་པ་ཞིག་ཡོང་བཞིན་ཡོད།

བོད་པ་ནི་དཀའ་སྡུག་ལ་མགོ་བོ་མི་སྒུར་བའི་མི་རིགས་ཤིག་ཡིན་པ་དང། ཛ་དྲག་གི་དཀའ་ངལ་འཕྲད་པའི་སྐབས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་རྩ་དོན་འཐབ་རྩོད་བྱེད་ཐུབ་པའང་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། དུས་རྒྱུན་དུ་འཁོན་འཛིན་དང། ནང་ཁུལ་འཐེན་ཁྱེར་གྱི་རྣམ་པ་མང་པོ་མཐོང་རྒྱུ་ཡོད་ཀྱང། དོན་དག་ཆེ་ས་དང་ཛ་དྲག་ས་ལ་ཐུག་དུས་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྒྱ་དམར་དྲག་པོའི་གཞུང་ལ་ངོ་རྒོལ་བྱེད་ཐུབ་པ་འདི་ཡང་རྒྱ་དམར་གཞུང་གི་མི་རིགས་རིང་ལུགས་ཀྱི་བསླབ་བྱ་དེ་ལ་བརྟེན་ནས་ཡོང་བ་ཞིག་ཡིན་ངེས་རེད། བོད་པའི་སློབ་གསོའི་རྩ་བར་གྱུར་པ་ནང་པ་སངས་རྒྱས་པའི་གཞུང་ལུགས་སུ་སེམས་ཅན་ཐམས་ཅད་ལས། ང་དང་ངའི་ཁོར་ཡུག་ཅེེས་ཟུར་བཅད་བྱེད་པའི་སྐད་ཆ་འདི་གཏན་ནས་མེད། ད་ལྟའི་ཆར་བོད་པར་མི་རིགས་རིང་ལུགས་ཀྱི་བསམ་བློ་ཆེན་པོ་ཡོད་པ་དེ། རྒྱ་མི་རིགས་ཀྱི་ཤན་ཤུགས་ལས་བྱུང་བ་ཞིག་རེད།

མདོར་བསྡུས་ན་བོད་པ་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་དུས་ཐུང་ནང་རང་སྲོག་བློས་གཏོང་གནང་སོང་ལ། འདི་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་ནས་དོ་སྣང་དང། གཙོ་ཆེ་ཤོས་གཞིས་བྱེས་གཉིས་ཀྱི་བོད་རིགས་རྣམས་ལ་ཤུགས་རྐྱེན་རླབས་ཆེན་པོ་ཐེབས་སོང། ཕྱོགས་གཅིག་ནས་རྒྱལ་གཅེས་དཔའ་རྒོད་མང་པོ་ཞིག་གི་ཚེ་སྲོག་གཅིག་རྗེས་གཉིས་མཐུད་ཀྱིས་ཤོར་སོང་བ་གྱོང་གུད་དང་བློ་ཕམ་ཆེན་པོ་ཞིག་ཡིན་མོད། ཕྱོགས་གཞན་ཞིག་ནས་བཤད་ན་སྐྱེ་བའི་མཐའ་མ་འཆིི་དགོས་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་ཁོང་རྣམ་པའི་གཤེགས་སྟངས་དེ་ཡང་ཆེས་གཟི་བརྗིད་དང་ལྡན་པ་ཞིག་ཡིན་པས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་རྒོད་འདི་དག་གི་ལོ་རྒྱུས་གསེར་ཡིག་འབའ་ཞིག་གིས་འབྲི་དགོས་པ་ཞིག་ཏུ་གྱུར་ཡོད།།