འུག་པའི་རྫུན་དྲུག་དང་འདྲ་བའི་དྲི་བ་བདུན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༨༢     ཕྱི་ལོ་ ༢༠༡༢/༤/༡༡

ཕྱི་ཟླ་༣ ཚེས་༢༥ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བའི་ནང་“ཏཱ་ལའི་བླ་མར་བཏོན་པའི་དྲི་བ་བདུན་”ཟེར་བའི་འུག་པའི་རྫུན་དྲུག་གི་དཔེ་དང་མཚུངས་པ་ཞིག་བཀོད་འདུག རྩོམ་ཡིག་དེའི་དམིགས་འདུན་ངོ་མ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཆེད་དུ་མིན་ལ།

བོད་རིགས་མི་མང་ལ་ཤུགས་རྐྱེན་ཐེབས་ཆེད་དེ་བས་ཀྱང་མ་རེད། དེ་ནི་དུས་རྒྱུན་ཕྱི་ཕྱོགས་ཀྱི་གནས་ཚུལ་བཀག་སྡོམ་འོག་རང་དབང་གི་ཐོག་ནས་གནས་ཚུལ་མཐོང་མ་མྱོང་བའི་རྒྱ་རིགས་མིག་ཡ་གཅིག་ཅན་དག་གི་ཆེད་དུ་དམིགས་འདུག རྒྱ་དམར་དྲག་པོའི་གཞུང་གིས་བོད་རིགས་མི་མང་གི་ཡིད་ཆེས་ཐོབ་ཐུབ་པའི་རེ་བ་གང་ཡང་མེད་ཀྱང་། རྒྱ་རིགས་ཚང་མའི་བསམ་འདུན་གཞུང་གི་ཕྱོགས་སུ་འཁོར་ཐུབ་ན་ཆབ་སྲིད་ཐོག་ནས་ཁེ་ཕན་ཆེ་ཤོས་སུ་བརྩི་བཞིན་ཡོད། དེར་བརྟེན་མི་བདེན་རྫུན་སྒྲིག་གིས་རྩོམ་འཆལ་འདི་ཡང་སྤེལ་བ་རེད།

དྲི་བ་དང་པོ་ནི། “བོད་མིས་རང་སྲེག་གཏོང་བར་ངན་སྐུལ་བྱེད་དོན་ཅི།”ཟེར་བ་ཡིན་ལ། “༢༠༡༢ ལོའི་ཟླ་༢ ཚེས་༢༢ ཉིན། ཏཱ་ལའི་ཡིས་རྒྱ་གར་གྱི་རྡ་རམ་ས་ལ་ནས་ཞོགས་པའི་སྨོན་ལམ་འཚོགས་ཤིང་། བོད་མི་རྣམས་ལ་རང་སྲོག་གཏོང་མཁན་རྣམས་ལ་བསྔོ་བ་སྨོན་ལམ་ཞུ་དགོས་པ་ལས་ལོ་གསར་མི་གཏོང་བའི་འབོད་སྐུལ་བྱས།”ཞེས་ཟེར། གོང་ཚེས་ཉིན་༧གོང་ས་མཆོག་ཞོགས་པ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལོ་གསར་ཚེས་གཏོར་གྱི་མཛད་སྒོར་ཆིབས་བསྒྱུར་གནང་བ་ལས། ལོ་གསར་གཏོང་མི་འོས་པའི་འབོད་སྐུལ་གནང་མེད་པ་མ་ཟད། གསུང་བཤད་ཀྱང་ཚིག་གཅིག་གནང་མེད། རྒྱ་དམར་གཞུང་གིས་མི་བདེན་རྫུན་སྒྲིག་འདི་ལ་བརྟེན་ནས་འཛམ་གླིང་མི་མང་མགོ་སྐོར་གཏོང་མི་ཐུབ་ཀྱང་དམ་དྲག་འོག་གི་རྒྱ་རིགས་རྣམས་མགོ་སྐོར་གཏོང་ཐུབ་པའི་རེ་བ་ཡོད།

དྲི་བ་གཉིས་པ་“སུ་ཞིག་གིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་ཡོད།” ཅེས་བརྗོད་འདུག དོན་དངོས་རྒྱ་དམར་དྲག་པོའི་གཞུང་གིས་མི་ལོ་༦༠ ཙམ་གྱི་རིང་བོད་ཀྱི་རིག་གནས་རྩ་མེད་གཏོང་བའི་སྲིད་བྱུས་རིམ་པ་སྤེལ་ཡོད་ལ། བོད་ཀྱི་རིག་གནས་བཅུའི་སྙིང་བཅུད་ནང་དོན་རིག་པ་ལ་ཐོས་བསམ་སློབ་གཉེར་བྱེད་པའི་བསྟི་གནས་ཆེ་ཤོས་གདན་ས་གསུམ་གྱིས་མཚོན་རིས་མེད་དགོན་སྡེ་དག་གི་གནས་སྟངས་དང། ཆོས་དད་རང་དབང། དགོན་པའི་ཆོས་རའི་ནང་ཆོས་མེད་དམར་པོའི་དྲིལ་བསྒྲགས་ཁོ་ན་སློབ་སྦྱོང་བྱེད་བཅུག་པ་འདི་ཁོ་ནའི་ཐོག་ནས་གསལ་སྟོན་བྱས་ཡོད་ལ། བོད་ཀྱི་གཞི་རིམ་སློབ་གྲྭ་ཁག་ཏུ་བོད་ཡིག་གི་སློབ་ཚན་རྩ་མེད་གཏོང་བཞིན་པ་འདིས་ཀྱང་རྒྱ་དམར་དྲག་པོའི་གཞུང་གིས་བཙན་ཤེད་ཀྱིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་ཡོད།

དྲི་བ་གསུམ་པ་“ཀྲུང་གོ་དང་བོད་ནི་ལོ་རྒྱུས་སྟེང་མཆོད་ཡོན་གྱི་འབྲེལ་བ་ཡིན་ནམ།”ཟེར་ལ། དོན་དུ་དེ་ལྟར་མ་ཡིན་པར་གཅིག་འོག་གཅིག་འདུས་ཀྱི་འབྲེལ་བ་ཡིན་ཟེར།  གནད་དོན་དེའི་སྐོར་བོད་ཀྱི་ལོ་རྒྱུས་རྒྱལ་རབས་ཁག་ཏུ་ཧ་ཅང་གསལ་བས་ཞིབ་པར་མི་སྤྲོ་ལ། ད་དུང་༧གོང་ས་མཆོག་གི་སྐུ་ཕྲེང་ཚང་མ་གསེར་བུམ་དཀྲུག་འདོན་གྱི་ཐོག་ནས་ཐག་བཅད་ཚུལ་བརྗོད་འདུག། ཉེ་བའི་ཆ་ནས་བཤད་ན་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་དང། སྐུ་ཕྲེང་བཅུ་བཞི་པ་གཉིས་ཀ་གསེར་བུམ་དཀྲུག་འདོན་གྱི་ཐོག་ནས་ངོས་བཟུང་བ་ཞིག་གཏན་ནས་མིན་པས། “གསེར་བུམ་དཀྲུག་འདོན་གྱི་ཆོ་ག་མེད་ན། ཁྱེད་དང་ཁྱེད་ཀྱི་སྐུ་གོང་མ་རྩ་བ་ནས་ཡོད་མི་སྲིད་”ཅེས་པའི་རྫུན་གྱི་དམ་བཅའ་བྱེ་མའི་ཁང་བུ་ལྟ་བུ་དེ་ཡང་མི་འདོད་བཞིན་དུ་རང་ཉིད་ཀྱིས་བརྗོད་པའི་རྒྱུ་མཚན་དེས་ཞིག་རལ་དུ་བཏང་འདུག

དྲི་བ་བཞི་པ་“མི་རིགས་བར་འགལ་བ་སློང་དགོས་དོན་ཅི།”ཞེས་བརྗོད་འདུག  དྲི་བ་དེ་ཤེེལ་སྒོའི་ནང་རང་ཉིད་ཀྱི་མི་སྡུག་པའི་གཟུགས་བརྙན་མཐོང་ནས་ཁོང་ཁྲོ་ལངས་པ་བཞིན། རྒྱ་དམར་གཞུང་གིས་དུས་རྒྱུན་གྲངས་ཉུང་མི་རིགས་དང། རྒྱ་མི་རིགས་ཀྱི་དབར་འགལ་ཟླ་ཁོ་ལ་བརྟེན་ནས་སྲིད་དབང་སྲ་བརྟན་གནས་ཐབས་བྱེད་བཞིན་པར་བརྟེན། རང་ཉིད་ཀྱི་སྐྱོན་གཞན་གྱི་གདོང་ལ་ཤར་ཞེས་པ་ལྟར་ཡིན་ལ། ༧གོང་ས་མཆོག་གིས་དུས་རྒྱུན་མི་རིགས་ཁ་བྲལ་གྱི་སྲིད་བྱུས་འཛིན་མྱོང་མེད་ལ། བོད་མི་མང་ལ་ཁ་བྲལ་གྱི་ལམ་སྟོན་དེ་བས་ཀྱང་གནང་མྱོང་མེད། བོད་རྒྱ་མཉམ་གནས་ཀྱི་སྲིད་བྱུས་འདི་ལའང་རྒྱ་དམར་གཞུང་གི་མི་རིགས་རིང་ལུགས་ཀྱི་སློབ་གསོའི་འོག་འཚར་ལོང་བྱུང་བ་རྣམས་ཀྱིས་གཙོས། མི་འདོད་པའི་འཁུན་སྒྲ་ཤོར་མཁན་ཡང་གཅིག་མིན་གཉིས་མིན་དུ་ཡོད།

དྲི་བ་ལྔ་པ་“ཁྱེད་རང་གིས་སུའི་ཆེད་དུ་སྨོན་ལམ་རྒྱག་བཞིན་ཡོད།”དྲི་བ་དྲུག་པ། “ཁྱེད་ཀྱིས་སུ་ཞིག་གི་མགྲིན་ཚབ་བྱེད་ཀྱི་ཡོད།”དྲི་བ་བདུན་པ། “དྲ་དམངས་རྣམས་ཀྱིས་ཁྱེད་རང་གླེང་མི་འདོད་པའི་རྒྱུ་མཚན་ཅི།”ཞེས་སྨྱོན་པའི་ལབ་བརྡོལ་ལྟ་བུའི་དྲི་བ་མཐའ་མ་གསུམ་ལ་ལན་དགོས་པ་མ་མཐོང་ཡང། སྨོན་ལམ་སུའི་ཆེད་དུ་ཡིན་མིན་བཤད་དགོས་དོན་མེད་པར། ལྷ་ཆོས་དུག་ཏུ་བརྩི་བའི་རྒྱ་དམར་གཞུང་ལ་ཆོས་ལུགས་ཐོག་ཐེ་གཏོགས་བྱེད་པའི་དབང་ཆ་དང་འོས་བབས་མེད། ༧གོང་ས་མཆོག་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་པ་ཡིན་པ་གཞིས་བྱེས་བོད་མིའི་སེམས་ནང་དུ་གསལ་ཐང་ངེར་ཡོད་ལ། བོད་ནང་རང་ལུས་མེར་བསྲེག་བཏང་བ་དག་༧གོང་ས་མཆོག་གིས་རྒྱུད་སྐུལ་བྱས་ཚུལ་རྒྱ་གཞུང་གིས་བརྗོད་པ་དེ་ཁོ་ནའི་ཐོག་ནས་བོད་ནང་དུ་༧གོང་ས་མཆོག་གི་ཤུགས་རྐྱེན་ཁས་ལེན་བྱས་ཟིན་པས་སུའི་མགྲིན་ཚབ་པ་ཡིན་འདྲི་དགོས་དོན་མེད། རྒྱལ་སྤྱིའི་དྲ་ལམ་ཁག་ཏུ་༧གོང་ས་མཆོག་གི་གཟི་བརྗིད་དང་མཛད་རྗེས་གླེང་མཁན་ཧ་ཅང་མང་ཡང་རྒྱ་རིགས་རྣམས་ལ་དེ་དག་ཤེས་རྟོགས་བྱེད་པའི་དབང་ཆ་མེད་མོད། རྒྱ་རིགས་ཀྱི་ནང་དུ་༧གོང་ས་མཆོག་ལ་བསྟོད་བསྔགས་བྱེད་མཁན་གང་མང་ཡོད་པ་དེ་རྒྱ་གཞུང་གིས་སྦས་འགེབས་ཐུབ་བམ།།