བྱང་ཀོ་རི་ཡ་ལ་རྒྱལ་ཚོགས་ཀྱིས་ཉེས་འཛུགས།
བྱང་ཀོ་རི་ཡས་བརྗོད་ན། འདས་པའི་ཕྱི་ཟླ་༢ པའི་ནང་ཨ་རི་དང་བྱང་ཀོ་རི་ཡའི་བར་ཟ་འབྲུའི་རོགས་རམ་གྱི་གྲོས་མཐུན་འོག སྒྱོགས་མདེལ་དང་རྡུལ་ཕྲན་མཚོན་ཆར་དམ་དྲག་བྱས་ཡོད་པ་དེ། ད་ཐེངས་ཀྱི་ལས་གཞི་དེ་གྲུབ་པ་ནས་བཟུང་། རྗེས་སོར་གྲོས་མཐུན་དེ་འབྲེལ་མེད་ཆགས་ཟིན་ཞེས་བརྗོད་ཡོད།
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་མིག་དམར་ཉིན་གྱི་བསྒྲགས་གཏམ་དེ་བྱང་ཀོ་རིའི་མེ་ཤུགས་འཕུར་མདའི་ལས་གཞི་འབྲས་མེད་ཆགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་སླེབས་པའི་རྗེས་སུ་སྤེལ་བ་ཞིག་་རེད། ཡང་མང་པོ་ཞིག་གིས་བརྗོད་ན། མེ་ཤུགས་འཕུར་མདའ་དེ་རྡུལ་ཕྲན་མཚོན་ལ་ཚོད་ལྟ་བྱེད་ཆེད་ཡིན་པར་བཤད་ཀྱི་ཡོད།
བྱང་ཀོ་རི་ཡས་རྒྱལ་ཚོགས་ཀྱི་སྐྱོན་བརྗོད་ངོས་ལེན་མ་བྱས་པར། ཨ་རིའི་ངོས་ནས་རྒྱལ་ཚོགས་ཀྱི་རྡུལ་མཚོན་གྱི་གྲོས་ཆོད་ལ་རྩི་བཀུར་ཐུབ་མེད་སྐོར་བརྗོད་ཡོད་པ་རེད། རྒྱལ་ཚོགས་རྡུལ་མཚོན་ལྟ་ཞིབ་པས་ ད་ལྟའི་ཆར་བྱང་ཀོ་རི་ཡ་ལ་འགྲོ་དོན་མེད་སྐོར་བརྗོད་འདུག
དེ་ཡང་འདས་པའི་ཟླ་བའི་ནང་བྱང་ཀོ་རི་ཡའི་ནང་རྡུལ་མཚོན་ལྟ་ཞིབ་པ་རྣམས་ཨ་རིའི་ཟ་འབྲུ་རོགས་སྐྱོར་གྲོས་མཐུན་དང་བསྟུན་ནས་མགྲོན་འབོད་བྱས་ཡོད་པ་རེད། འོན་ཀྱང་ཆོད་གན་དེ་མེ་ཤུགས་འཕུར་མདའི་ལས་གཞི་མ་འགྲུབ་པའི་མཚམས་སུ་བརྩིས་མེད་དུ་བཏང་བ་དང་། ཨ་རིའི་ཟ་འབྲུའི་རོགས་སྐྱོར་གི་སྐད་ཆ་ཡང་བཀག་ཡོད་པ་རེད།
བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའི་ལས་གཞི་དེས་རྒྱལ་ཚོགས་ཀྱི་་རྡུལ་མཚོན་བཀག་འགོག་གི་ཁྲིམས་དང་འགལ་ཡོད་པར་དཔྱད་ཞིབ་པས་བརྗོད་པ་དང་། ཡང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའི་བཟོས་སྐར་བར་སྣང་གི་འཁོར་ཐིག་ནང་བསྐྱལ་བ་ཙམ་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད།
བྱང་ཀོ་རི་ཡའི་རྒྱལ་ས་པིའོང་ཡཱང་ནས་གསར་ལམ་ཁག་ཏུ་ཁྱབ་བརྡལ་ཆེ་བའི་རྒྱལ་ཚོགས་ཀྱི་སྐྱོན་བརྗོད་ལ་ངོས་ལེན་བྱས་མེད་པ་མ་ཟད། ཨ་རི་ལ་ཕྱི་ཟླ་གཉིས་པའི་གྲོས་མཐུན་གཏོར་བཤིག་བཏང་ཚུལ་སྐྱོན་བརྗོད་བྱས་འདུག
བྱང་ཀོ་རི་ཡའི་ཕྱི་འབྲེལ་བློན་ཆེན་གྱིས་བརྗོད་དོན། ང་ཚོས་ཁྲིམས་དང་མཐུན་པའི་བྱེད་སྒོ་རྣམས་ལག་བསྟར་བྱེད་ཐུབ་པ་བྱས་ཡོད། རྗེས་སུ་མཇུག་འབྲས་ཚང་མ་ཨ་རི་ལ་འགན་ཡོད་རེད་ཅེས་བརྗོད་པ་དང་། ཡང་མུ་མཐུད་བརྗོད་དོན། ཞི་བདེ་ནི་ང་ཚོར་ཧ་ཅང་རྩ་ཆེན་ཡིན་མོད། རྒྱལ་ཁབ་ཀྱི་་ཆེ་མཐོང་དང་མངའ་དབང་ནི་དེ་ལས་ཀྱང་རྩ་ཆེན་ཡིན་ཞེས་བརྗོད་ཡོད་པ་རེད།
ཨ་རིས་བརྗོད་པ་ལྟར་ན། བྱང་ཀོ་རི་ཡར་ཕྱི་ལོ་༢༠༠༩ ལོར་ཉེས་ཆད་ཅིག་ཕོག་རྗེས་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་འོག་ཏུ་གནས་ཡོད་ཅེས་བརྗོད་ཡོད་པ་རེད། རེས་གཟའ་ཟླ་བ་ཉིན་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ནས་བྱང་ཀོ་རི་ཡར་རྡུལ་མཚོན་ལས་གཞི་མུ་མཐུད་སྤེལ་མི་ཆོག་པ་དང་། གལ་ཏེ་སྤེལ་བའི་དབང་དུ་བཏང་ན། ཉེས་ཆད་སྔར་ལས་ལྷག་པའི་ནན་པོ་གཏོང་རྒྱུའི་བཀའ་རྒྱ་བཏང་ཡོད་པ་རེད།
རེས་གཟའ་ལྷག་པའི་ཉིན་ཝི་ནའི་གྲོང་ཁྱེར་དུ་ཡོད་པའི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་རྫས་ཁང་ནས་རྒྱལ་ས་པའོང་ཡཱང་ནས་སྤེལ་བའི་བསྒྲགས་གཏམ་དེ་གོ་ཐོས་བྱུང་རྗེས། བྱང་ཀོ་རི་ཡའི་བསྒྲགས་གཏམ་སྤེལ་བའི་ནང་ལྟར་ན། རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱིས་བྱང་ཀོ་རི་ཡའི་མེ་བཟོས་སྲུང་སྐར་གཏོང་བའི་ཐོབ་ཐང་རྩིས་མེད་བཏང་ནས་རྒྱུ་མཚན་མེད་པའི་སྤྱོད་པ་འདིར་ང་ཚོས་ཆོད་སེམས་བརྟན་པོས་མཐའ་གཅིག་ཏུ་ངོས་ལེན་མེད་ཅེས་བརྗོད་ཡོད་པ་རེད།
བསྒྲགས་གཏམ་འདི་ལ་བརྟེན་ནས་བྱང་ཀོ་རི་ཡའི་མགྲོན་ཤོག་བཏང་བའི་གཞིར་བཟུང་། ང་ཚོའི་འཐུས་ཚབ་ཀོ་རི་ཡའི་ནང་གཏོང་རྒྱུ་མིན་ཞེས་ཚོགས་པ་འདིའི་མགྲིན་ཚབ་པ་གིལ་ཊུ་ཌོར་གྱིས་བརྗོད་ཡོད་པ་རེད། རྒྱལ་ཚོགས་བཀའ་རྩ་ཚོགས་ཆུང་ལ་བྱང་ཀོ་རི་ཡའི་གནད་དོན་ཐག་ཆོད་བྱེད་པའི་གཟའ་འཁོར་གཉིས་ཡོད་པ་རེད། བདེ་འཇགས་ལྷན་ཚོགས་ནས་བྱང་ཀོ་རི་ཡར་ཕྱི་ལོ་༢༠༠༦ དང་༢༠༠༩ ལོར་མེ་ཤུགས་འཕུར་མདའ་བར་སྣང་ལ་བཏང་བར་ཉེས་ཆད་ནན་པོ་ཐེངས་གཉིས་བཏང་ཟིན་ཡོད་པ་རེད།
ལྷོ་ཀོ་རི་ཡའི་གསར་འགོད་པས་བརྗོད་ན། བྱང་ཀོ་རི་ཡའི་གྲ་སྒྲིག་བྱེད་སྟངས་ལ་གཞིགས་ན། རྡུལ་མཚོན་ཚོད་ལྟའི་ལས་གཞི་བཞི་པ་ཞིག་མུ་མཐུད་པའི་ཉེན་ཁ་འདུག་ཅེས་བརྗོད་པ་རེད། །