འབར་མའི་མང་གཙོ་ཚོགས་པ་ཁྲིམས་བཟོ་ནས་ཕྱིར་འགྱངས།
འབར་མའི་ནང་ཨོང་སང་སུ་ཀྱིད་ཀྱི་ཆབ་སྲིད་ཚོགས་པས་འདི་ཟླའི་ཚེས་༢༢ ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལེགས་བཅོས་གཏོང་མཁན་གྱི་དམག་མིའི་གཞུང་དང་མི་མང་གི་འོས་འདེམས་བྱས་པའི་རྒྱལ་ཡོངས་མང་གཙོའི་ཚོགས་པའི་བར་ལྟ་བ་མ་མཐུན་པའི་རྟགས་སམ་གནས་སྟངས་ཆགས་ཡོང་བའི་སྐབས་འདིར།
ལྕམ་སུ་ཀྱིད་དང་ཁོང་གི་ཆབ་སྲིད་ཚོགས་པ་ཁྲིམས་བཟོ་ལྷན་ཁང་ནས་གནས་སྐབས་ཕྱིར་འགྱངས་བྱེད་རྒྱུ་ཡིན་སྐོར་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
ལས་ཁུར་དམ་འབུལ་བྱེད་ཕྱོགས་ལ་མི་མཐུན་པའི་གླེང་སློང་བྱུང་བར་བརྟེན། མང་གཙོའི་དབུ་ཁྲིད་སུ་ཀྱིད་གཙོས་གསར་དུ་འདེམས་ཐོན་བྱུང་བའི་གྲོགས་ཚོགས་འཐུས་མི་རྣམས་རྒྱལ་ས་ནེཔ་ཡི་ཌྷོར་ལ་ཕྱིན་མེད་སྐོར་རྒྱལ་ཡོངས་མང་གཙོ་ཚོགས་པའི་མགྲིན་ཚབ་པས་ཨེ་ཨེ་ཧྥི་ཕི་གསར་ཁང་བརྗོད་འདུག
ལྕམ་སུ་ཀྱེད་ཀྱིས་“ང་ཚོས་ད་ལྟའི་གནས་སྐབས་སུ་གྲོས་ཚོགས་ནང་མཉམ་ཞུགས་མཚམས་འཇོག་བྱེད་ཀྱི་མེད་ཀྱང་། དུས་ཚོད་འཚམས་པོ་ཞིག་ལ་རེ་སྒུག་བྱེད་ཀྱི་ཡོད་”ཅེས་བརྗོད་ཡོད་པ་རེད།
རྒྱལ་ཡོངས་མང་གཙོ་ཚོགས་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ལེགས་བཅོས་དགོས་སྐོར་བརྗོད་པར་གཞུང་གི་མོས་མཐུན་མ་བྱས་པར་རྩོད་གླེང་བྱུང་བར་བརྟེན། མང་གཙོ་ཚོགས་པ་གྲོས་ཚོགས་ལ་ཞུགས་རྒྱུར་ཕྱིར་འགྱངས་བྱས་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་སུ་ཀྱིད་ཀྱི་ཆབ་སྲིད་ཚོགས་པས་ལས་ཁུར་དམ་འབུལ་སྐབས། གཞུང་གི་རྩ་ཁྲིམས་ནང་“རྩ་ཁྲིམས་ལ་སྲུང་སྐྱོབ་”ཅེས་པའི་ཚིག་དེར་“རྩ་ཁྲིམས་ལ་གུས་བཀུར་”ཞེས་བསྒྱུར་དགོས་པའི་རེ་བ་ཞུས་པ་དང་། སྲིད་འཛིན་ཐེན་སེན་གྱིི་ལས་ཁུངས་ལ་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་འདུག འོན་ཀྱང་གཞུང་འཛིན་པས་དེ་འཕྱི་དྲགས་ཡོད་སྐོར་བརྗོད་ནས་ངོས་ལེན་བྱས་མེད་པ་རེད། རྒྱལ་ཡོངས་མང་གཙོ་ཚོགས་པའི་མགྲིན་ཚབ་པ་ཉན་ཝིན་གྱིས། གནད་དོན་དེ་འཕྱི་དྲགས་མེད། གནད་དོན་དེ་སྔ་འཕྱི་མ་གཏོགས་ཐག་ཆོད་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
ཁོང་གིས་མུ་མཐུད་བརྗོད་དོན། རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་སྔོན་འོས་བསྡུའི་ནང་ཞུགས་ཡོད་པ་རེད། དེ་ནི་ང་ཚོ་ཁྲིམས་བཟོ་ལྷན་ཁང་དུ་ཞུགས་རྒྱུར་དམིགས་པ་རེད། གང་ལྟར་ང་ཚོ་ཁྲིམས་བཟོ་ལྷན་ཁང་དུ་ཞུགས་རྒྱུ་ཡིན་ལ། རྩ་ཁྲིམས་ཀྱི་གནད་དོན་དེ་ཡང་ཁྲིམས་ཐོག་ནས་ཐག་ཆོད་ཐུབ་པ་ཞིག་རེད་ཅེས་བརྗོད་སོང་།
ལྕམ་སུ་ཀྱིད་ཆབ་སྲིད་ལ་ཞུགས་དགོས་པའི་མིགས་ཡུལ་གཙོ་ཆེ་ཤོས་གཅིག་ནི་རྩ་ཁྲིམས་ལ་ལེགས་བཅོས་གཏོང་རྒྱུ་དེ་ཡིན་པས། ད་ཆར་ཡང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འཕོ་འགྱུར་གཏོང་ཐབས་ལ་འབད་ཀྱི་ཡོད་པ་རེད།
འབར་མའི་སྲིད་འཛིན་ཐེན་སེན་ཕྱི་ཚེས་༢༡ ཉིན་ཉི་ཧོང་དུ་ཚོགས་འདུ་ཞིག་ལ་ཕྱིན་པ་དང་། སྲིད་བློན་ཧོ་ཤིས་ཧི་ཀོ་ནོ་ཌས་ཨ་སྒོར་ཐེར་འབུམ་༣་༧ བུ་ལུན་གཡར་ཏེ། དཔལ་འབྱོར་གྱི་རོགས་རམ་གང་ཐུབ་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། ཚོགས་འདུ་དེ་ནི་རྫ་ཆུའི་གྲམ་རྒྱུད་ལ་ཆགས་པའི་རྒྱལ་ཁབ་ཁག་ལྔ་སྟེ། ཀམ་བྷོ་ཌི་ཡ་དང། ལ་ཨོ་སི། འབར་མ། ཐེ་ལེན་ཌ། ཝི་ཏ་ནམ་བཅས་དང་ཉི་ཧོང་བར་ཚོགས་པའི་ཚོགས་འདུ་ཞིག་ཡིན་པ་རེད།
ཐེན་སེན་གྱིས་འབར་མའི་གཞུང་ལ་མུ་མཐུད་མང་གཙོའི་བསྒྱུར་བཅོས་གཏོང་རྒྱུར་དམིགས་རྒྱུ་ཡིན་ཞེས་བརྗོད་སོང་ཞེས་ཉི་ཧོང་གཞུང་གི་ལས་བྱེད་པས་བརྗོད་འདུག
དུས་རབས་ཕྱེད་ཀ་ཙམ་རིང་དྲག་དམག་གིས་སྲིད་དབང་སྒེར་གཅོད་བྱས་པའི་གཞུང་དེས་འདས་ལོར་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དང་། གཞུང་ལ་བསྒྱུར་བཅོས་གཏོང་རྒྱུའི་སྐད་ཆ་བྱུང་ནས་ཟླ་བ་འདིའི་འགོ་ཙམ་ལ་གཞུང་གི་ཁྲིམས་བཟོ་ལྷན་ཁང་ནང་སྤྱི་འཐུས་ཀྱི་ས་མིག་སྟོང་པ་༤༤ ནས་༤༣ ལྕམ་སུ་ཀྱིད་ཀྱི་ཚོགས་པར་འོས་བསྡུའི་ལམ་ནས་ཐོབ་ཡོད་པས་རྒྱལ་སྤྱིའི་ཚོགས་སྡེ་ཚོས་མང་གཙོའི་འགྱུར་བ་དེར་སྔགས་བརྗོད་བྱས་ཡོད་པ་རེད།
ཡུ་རོབ་ལྷན་ཚོགས་ཀྱིས་འབར་མའི་དྲག་པོའི་གཞུང་གིས་མུ་མཐུད་བསྒྱུར་བཅོས་དངོས་སུ་བཏང་ན་རྒྱལ་སྤྱིའི་ཁྲིམས་ལ་འགལ་བའི་ཉེས་ཆད་ཕལ་ཆེ་བ་ཡོངས་སུ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད།།