ཁམས་ལི་ཐང་གི་མི་མང་ལ་རྒྱ་གཞུང་གིས་གཅར་རྡུང་།

ཁམས་ལི་ཐང་ས་གནས་ཁྱོན་ཡོངས་སུ་རྒྱ་མིའི་ལས་བྱེད་མང་པོ་ཡོང་ནས། དབྱར་རྩ་དགུན་འབུ་སྐོ་བའི་སྐབས་སུ་མི་མང་ལ་བདེ་འཇགས་ཆེད་དུ་ཡིན་ཞེས་བརྗོད་དེ་ས་རྟགས་བསྡུ་རུབ་བྱས་པ་དང་། མང་ཚོགས་ཀྱིས་ས་རྟགས་མ་བརྒྱབ་ནས་ད་ལྟ་ས་གནས་ཛ་དྲག་ཆགས་ཡོད་འདུག

ཟླ་འདིའི་ཚེས་༢༤ ཉིན་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་གཞུང་གི་ལས་བྱེད་ཚོ་མི་ཚང་རེ་རེའི་སྒོ་ཁར་ཚང་མར་ས་རྟགས་བསྡུ་རུབ་བྱེད་སྐབས་ཐོག་མར་ཁ་ཤས་ཀྱིས་ས་ཡིག་བརྒྱབ་ཡོད་ས་རེད།  ཁ་ཤས་ཀྱིས་བརྒྱབ་མི་འདུག་ཟེར།   དེའི་རྗེས་སུ་ཕྱི་ཟླ་༤ ཚེས་བཅོ་ལྔ་བཅུ་དྲུག་ཡས་མས་ཤིག་ལ་ས་ཡིག་དེ་བརྒྱབ་ཡོད་ན་དེ་ནོར་བ་རེད།  བདེ་འཇགས་གི་ཆེད་ཡིན་ཟེར་བ་དེ་རྒྱ་གཞུང་གིས་རྫུན་མ་རེད།   ས་ཡིག་རྒྱག་དགོས་པར་དོན་ཚན་བདུན་ཡོད་འདུག་ཅེས་མང་ཚོགས་ནང་ཟིང་ཆ་ཆགས་ཡོད་འདུག་ཅེས་བརྗོད་སོང་།

དེ་ཡང་དོན་ཚན་བདུན་དེ་ཆ་ཚང་ཤེས་མི་འདུག    དོན་ཚན་དང་པོ་དེ་༧སྐྱབས་རིན་པོ་ཆེ་བོད་ལ་ཕེབས་པར་ངོས་ལེན་མེད།   གཉིས་པ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དེ་ཏཱ་ལའི་བླ་མས་བརྒྱུད་བསྐུལ་བྱས་པ་རེད་ཟེར་བ་དང་།   གསུམ་པ་དེ་ཏཱ་ལའི་ཁ་བྲལ་བར་ངོ་རྒོལ་ཡོད་ཟེར་བ་དེ་ཚོ་གསུམ་རེད་ཅེས་བརྗོད་སོང་།  དེ་མ་ཡིན་པའི་དོན་ཚན་བཞི་བཅས་ཁྱོན་དོན་ཚན་བདུན་གྱི་ཐོག་ལ་ས་ཡིག་རྒྱག་དགོས་ཀྱི་ཡོད་པ་མི་མང་གིས་ཧ་གོ་ནས་མང་ཚོགས་ཀྱིས་ས་ཡིག་རྒྱག་གི་མིན་ཟེར་ནས་ངོ་རྒོལ་བྱས་ཡོད་འདུག

ཨ་ཀྲུག་ཚེ་བརྟན་གྱིས་མུ་མཐུད་བརྗོད་པ་ལྟར་ན། ལི་ཐང་རྫོང་ཁོངས་ཀྱི་ཡུལ་ཚོ་དང་སྡེ་བ་ཚང་མའི་ནང་ལས་འགུལ་དེ་ཡོང་གི་ཡོད་ས་རེད།   འོན་ཀྱང་ད་ལྟ་གནས་ཚུལ་ཤེས་རྟོགས་བྱུང་སའི་ས་གནས་མོ་ལ་ཤེས་པ་ཟེར་བའི་གྲོང་སྡེ་རེད།   སྔོན་ལ་དབྱར་རྩ་དགུན་འབུའི་བདེ་འཇགས་ཀྱི་ཆེད་ཡིན་ཟེར་ནས་མགོ་སྐོར་བཏང་ནས་ས་ཡིག་བསྡུ་བའི་སྐབས་སུ་མི་གཉིས་ཀྱི་ས་ཡིག་བརྒྱབ་ཡོད་ས་རེད། སྡེ་བའི་མི་མང་གིས་ཁོང་གཉིས་ལ་དེ་ནོར་འཁྲུལ་ཆེན་པོ་རེད། སྡེ་བའི་ནང་ནས་ཕྱིར་ཕུད་གཏོང་གི་ཡིན་ཞེས་སོགས་བརྗོད་འདུག   ཁོང་རང་གཉིས་ཀྱིས་མགོ་སྐོར་བཏང་ནས་དབྱར་རྩ་དགུན་འབུའི་བདེ་འཇགས་ཆེད་ཡིན་ཟེར་བ་ལས།  དེ་འདྲའི་དོན་ཚན་བདུན་ཡོད་པ་བཤད་མ་སོང་།   ཡིན་ན་ཡང་ངེད་གཉིས་ཀྱིས་ནོར་འཁྲུལ་ལ་ངོས་ལེན་ཡོད་ཅེས་བཤད་པ་མ་ཟད།   དགོངས་སེལ་༧རྒྱལ་བ་རིན་པོ་ཆེ་ལ་ཞུས་བའི་ཐོག་རྒྱ་སྒོར་ལྔ་བརྒྱ་རེའི་ཉེས་ཆད་བཅད་འདུག

དེ་རྗེས་ཕྱི་ཟླ་༤ བའི་ཚེས་བཅོ་ལྔ་བཅུ་དྲུག་ཡས་མས་ཤིག་ལ་ལི་ཐང་རྫོང་གི་ལས་བྱེད་མང་པོ་ཞིག་མོ་ལ་ཤེས་པའི་སྡེ་བ་རུ་ཡོང་ནས་དོན་ཚན་བདུན་དེའི་ཐོག་ལ་ས་ཡིག་རྒྱག་དགོས་པ་རེད་ཅེས་བཙན་བཀའ་བཏང་དང་། ཁྱེད་རང་ཚོར་དཀའ་ངལ་གང་ཡོད་པ་དེ་གཞུང་གི་ལས་བྱེད་ལ་ཤོད་དང་དཀའ་ངལ་སེལ་གྱི་རེད།  ཏཱ་ལའི་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པ་དང་། ཏཱ་ལའི་བླ་མ་བོད་ལ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་མི་ཆོག་ཅེས་སོགས་མང་ཚོགས་ལ་བརྗོད་འདུག 

རྒྱ་གཞུང་གིས་ལས་བྱེད་ཚོས་ཨུ་ཚུགས་བརྒྱབ་ཏེ་རྒན་གོག་ཞིག་སྐད་བཏང་ནས་ཁྱེད་རང་ལ་དཀའ་ངལ་ཡོད་ན་ཤོད་དང་ང་ཚོས་རོགས་པ་བྱེད་ཅེས་བཤད་པ་རེད་ཟེར།   རྒན་གོག་དེས་ང་མ་ཤི་སྔོན་དུ་རྒྱ་གར་དུ་འགྲོ་བྱེད་ཕྱི་བསྐྱོད་ལག་འཁྱེར་ཞིག་རག་དགོས་ཀྱི་འདུག ༧རྒྱལ་བ་རིན་པོ་ཆེ་མཇལ་ཐུབ་ན་བསམ་གྱི་འདུག་ཅེས་བརྗོད་འདུག དེའི་རྗེས་ཡང་རྒན་གོག་གཞན་པ་ཞིག་གིས་ཕ་མ་གཅིག་པའི་སྤུན་མཆེད་གཉིས་སྔོན་མ་རྒྱ་ནག་གིས་བསད་སོང་།   དེ་ངའི་མི་ཚེའི་ནང་ནས་དཀའ་ངལ་ཆེ་ཤོས་དེ་རེད་ཅེས་བརྗོད་འདུག

དེ་ནས་རྒྱ་གཞུང་གི་ལས་བྱེད་ཚོས། ཁྱེད་ཚོས་སྐད་ཆ་འདི་འདྲ་བཤད་པ་ཡིན་ན།  ང་ཚོས་ལས་སླ་པོ་འཇོག་གི་མིན་ཞེས་བཙན་པོ་བཤད་སྐབས།  མང་ཚོགས་ཀྱིས་ངོས་ནས་ང་ཚོས་ས་ཡིག་རྒྱག་ཐུབ་ཀྱི་མེད་ཅེས་སྐད་བརྒྱབ་ཡོད་ས་རེད།   གོན་པ་ནག་པོ་གྱོན་མཁན་དང་གཞན་པ་བཅས་ཁྱོན་བསྡོམས་དམག་མི་སུམ་བརྒྱ་ནས་བཞི་བརྒྱའི་བར་སྡེ་བ་དེའི་ནང་སླེབས་ནས་སྡེ་བའི་ནང་གི་མང་ཚོགས་ལ་གཅར་རྡུང་བཏང་ནས་བཙན་པོ་དབང་ཡོད་ཀྱིས་དོན་ཚན་དེ་དག་གི་ཐོག་ས་ཡིག་རྒྱག་བཅུག་ཡོད་འདུག

ས་ཡིག་མ་བརྒྱབ་མཁན་དེ་ཚོར་ད་དུང་ཉེས་རྡུང་ཚད་མེད་བཏང་དང་གཏོང་བཞིན་ཡོད་འདུག་ལ།   ཉེས་རྡུང་གཏོང་སྟངས་ཡང་བོད་པ་ཕན་ཚུན་དང་།  གྲོང་པ་ཕན་ཚུན་བར་ལ་ཉེས་རྡུང་གཏོང་དུ་བཅུག་པ་སོགས་ཧ་ཅང་ཚབས་ཆེན་གྱི་ལས་འགུལ་སྤེལ་གྱི་འདུག་ཟེར། ད་ལྟ་ས་གནས་ཛ་དྲག་ཆགས་ཡོད་འདུག དེ་མ་ཡིན་པའི་ལི་ཐང་གི་བཞག་པ་ཟེར་བའི་ས་ཆ་དེ་ལ་ཡང་ལས་འགུལ་དེ་ལྟར་སྤེལ་སྐབས་མོས་མཐུན་མ་བྱས་པ་མ་ཟད་རྒྱ་གཞུང་གི་ལས་བྱེད་པ་དང་བོད་པའི་བར་འཁྲུག་འཛིངས་ཤོར་ནས་བོད་མི་དྲུག་ཅུ་ཙམ་ད་ལྟ་བཙོན་ཁང་ནང་བཀག་ཉར་བྱས་ཡོད་འདུག

གཞན་ཡང་དེ་མ་ཡིན་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དགོན་པ་ལ་ཆ་བཞག་པ་ཡིན་ན།   རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲད་ནས་ཉིན་བཅུ་གྲངས་ཤིག་འགྲོ་བཞིན་ཡོད་པ་མ་ཟད།   ད་ལྟའི་ཆར་ཡང་ས་ཡིག་རྒྱག་དགོས་སྐོར་གྱི་སློབ་གསོ་སྤྲོད་ཀྱི་ཡོད་ན་ཡང་དགོན་པའི་གྲྭ་པ་དང་མི་སྐྱ་ཡོངས་ཀྱི་ས་ཡིག་མ་བརྒྱབ་པར་བརྟེན།   ད་ལྟ་ཧ་ཅང་ཛ་དྲག་ཆགས་ཡོད་འདུག །
མོན་གྷོ་གསར་འགོད་པས།