ཁམས་རྫོགས་ཆེན་མི་མང་གིས་གཞུང་ལ་ཞུ་འབོད།
དེ་རིང་ཞོགས་པ་ཆུ་ཚོད་༩:༣༠ ཡས་མས་སུ་ཁམས་རྫོགས་ཆེན་ཤྲཱི་སེང་ལྔ་རིག་སློབ་གླིང་དང་རྫོགས་ཆེན་དགོན་པའི་མཁན་སྤྲུལ་བླ་གྲྭ་དང་སྡེ་བའི་མི་དམངས་༥༠༠ ཡས་མས་ཤིག་རྫོགས་ཆེན་གྱི་ས་གནས་སྲིད་གཞུང་དང་མངགས་གཏོང་ཁང་གི་སྒོར་ཡོང་ནས།
བོད་མི་ཚོར་རྒྱུ་མཚན་མེད་པའི་དྲག་པོའི་རྡུང་རྡེག་དང་། འཛིན་བཟུང་། སྔོག་བཤེར་རྣམས་མཚམས་འཇོག་དགོས་པའི་རེ་འདུན་བཏོན་ནས་བསྡད་ཡོད་འདུག

དེ་ཡང་ཕྱི་ཚེས་༢༢ ཉིན་ནས་རྒྱ་ནག་གཞུང་གི་ཉེན་རྟོག་པ་༦༠ ཙམ་སླེབས་ནས་བོད་མི་ཚོར་དོན་མེད་རྡུང་རྡེག་དང་དགོན་པ་སྔོག་བཤེར་བསྟུད་མར་བྱས་པས་བླ་གྲྭ་དང་གྲོང་མི་འདུག་མི་བཟོད་པའི་གནས་སུ་གྱར་ནས་གནས་ཚུལ་ཛ་དྲག་ཏུ་ཕྱིན་པ་དང་། ས་གནས་སྲིད་གཞུང་གི་སྒོར་རྒྱ་ཆེ་བའི་ཞུ་བ་འཐེན་དགོས་བྱུང་འདུག
དང་ཐོག་མི་ལྔ་བརྒྱ་ཙམ་ཡོད་པ་ནས། ད་ཆ་ཕལ་ཆེར་མི་ཉིས་སྟོང་ཙམ་འཛོམས་ཡོད་པ་དང་། གཞུང་གིས་དྲག་གནོན་བྱས་ཏེ་རྡུང་རྡེག་རྨས་སྐྱོན་ཕོག་པའི་རིགས་འགའ་ཞིག་སྨན་ཁང་དུ་ཡང་སྐྱེལ་དགོས་འབྱུང་བཞིན་ཡོད་འདུག །
གནས་ཚུལ་མཁོ་གཏོང་བ་རྫ་ཚེ་རིང་བཀྲ་ཤིས།
