ཁ་རླུང་ཁྲོད་དུ་ང་།

ཞོགས་པའི་སྐྱ་རེངས་གྲང་རླུང་འུར་འུར་ལྡང་ཞིང་ཁ་བ་རླུང་འཚུབ་གཅིག་དང་མཉམ་དུ་ས་གཞིའི་ཕང་བོ་རུ་ཤུགས་ཀྱིས་འཕྱོ་བའི་སྟོན་ཟླ་བརྒྱད་བའི་ཚེས་འོག་ཞིག་གི་ཕྱི་དྲོ་ཞིག་ལ་ངོ་གདོང་མགོ་དཀྲིས་ཀྱིས་བཏུམས་ཤིང་ ཕྱི་ཡུལ་དུ་ཕྱིན་ཡང་། 

ཁ་རླུང་ནི་བརྩེ་ བ་དང་སྙིང་རྗེ་ཅི་ཡང་མེད་པར་ཁ་རླུང་གདུག་རྩུབ་ཀྱིས་དྲག་ཤུགས་རྒྱས་ནས་ཕྱིར་ཡུལ་དུ་དབང་བསྒྱུར་བྱེད་ཀྱིས་ཞག་རེ་ནས་སྐར་རེར་དྲག་རྩུབ་ཇེ་ཆེ་ནས་ཇེ་ཆེ་མཚམས་མ་ཆད་པས་རང་བྱུང་ས་གཞི་ཀུན་ཏུ་རྩྭ་འཇམ་གསར་པ་སྔོ་ཐིང་དངས་གཙང་ནས་སྐྱེས་པའི་ཁྲ་ཚོམ་མེ་ཏོག་གིས་རབ་ཏུ་བརྒྱན་ཅིང་རྨད་བྱུང་ངོ་མཚར་གྱི་བཀོད་པས་མེ་ཏོག་དང་ལྗོན་ཤིང་དེ་དག་གཅད་སོང་ལ་ཡིད་དབང་རབ་ཏུ་འཕྲོག་པའི་རི་ལུང་ནང་ནས་ནོར་བུ་བང་མཛོད་དེ་གཅོམ་བཞིན།  ས་མཐོར་དྲོད་འཇམ་གྱི་ཉི་མ་རབ་ཏུ་འཕྲོས་པས་བརྗིད་ཆགས་ཉམས་དགའ་བའི་མུ་འབྲེལ་གངས་རི་རྣམས་དགའ་མའི་ལུས་ཀྱི་བདེ་དྲོད་འཕེལ་ནས་རྔུལ་ཆུ་ཐོན་པ་ཇི་བཞིན་ཆབ་རོམ་ཞུ་བའི་ཆུ་རྒྱུན་འབབ་སྒྲ་ཤང་ཤང་དེའང་དཀྲུགས་ནས་རྫས་ཆུ་སྙོག་མ་ཞིག་བསྒྱུར་སོང་།  གདུག་རྩུབ་ཀྱི་ཁ་རླུང་།  ཁྱོད་ནམ་ཡང་ཁེར་རྐྱང་གི་འཚོ་གནས་རོལ་ཐབས་བྲལ་བའི་དུས་རབས་འདི་ཕྱིར་མིག་ཞིག་འཕང་མྱོང་ངམ།  ཁྱོད་ལ་དྲག་ཤུལ་དང་དཔལ་ཤུགས་རྒྱས་ན་ཡང་དུས་རབས་ཀྱི་འཕོ་འགྱུར་རྒྱས་པས་ཁྱོད་ལ་ཁ་གཏད་གཅོད་མཁན་མཚོན་ཆས་ཞིག་ལོས་ཡོད།  བསམ་མནོར་ཞིག་གཏོང་དང།   བདག་གི་རྩྭ་ཐང་ན་ནོར་ལུག་ཡོད་ལ། བདག་གི་སྦྲ་གུར་ན་མ་འོངས་པའི་ཁྱིམ་གཞི་བསྐྲུན་པའི་མཛེས་སྡུག་གི་འཚོ་བ་དང་ བརྩེ་སེམས་ལྷག་ཡོད། བདག་གི་འཇིག་རྟེན་ན་ལྷད་མེད་པའི་དྭངས་གཙང་གི་སེམས་པ་དང་བརྩེ་དུང་འཁྱིལ་ཡོད་ ས་ནི་གངས་ཅན་སྭ་ལའི་སྨན་ལྗོངས་རེད། ཞི་གྲོས་ཞིག་བྱེད་ན་མི་ལེགས་སམ། ཁ་རླུང་གཙང་མ་ཞིག་གི་ཆོག་ཤེས་ཡངས་པོར་ཕྱེ་སྟེ་། གདུག་རྩུབ་དང་དྲག་གནོད་དེ་སྒོ་མོ་ཡོངས་སུ་རྒྱག་ནས་དཀྱེལ་ཡམས་ཀྱི་ངང་ནས་ཁྱོད་དང་ངེད་གཉིས་འཚོ་བ་མཉམ་དུ་རོལ་ན་ང་ནི་འཛམ་གླིང་གི་གཏེར་མཛོད་ཀྱི་བང་མཛོད་རེད་ལ་ཁྱོད་ཡང་དཔལ་རྒྱས་ཀྱི་དུས་རབས་བསླེབས་པ་ཡིན་སྲིད་ཀྱང་ངེད་གཉིས་ཕྱི་ཡུལ་ལ་ངོམས་ཆོག་པའི་སྤོབས་པ་ཞིག་བསླེབ་སྲིོད།  ཡིན་ནའང་ཁྱོད་ནི་འདོད་རྔམ་དང་དྲངས་བདེན་མེད་མཁན་ཆེས་ཀླ་ཀློ་དང་རྫུན་གཡོ་ལག་དམར་ཁྲམ་པ་ཞིག་ཡིན་པའི་ནམ་ཡང་དཔུང་པ་མཉམ་གཤིབ་ཀྱིས་ཐབས་ལམ་བྲལ་སོང་བ་རེད།  ཁྱོད་ཀྱིས་སྟོབས་ཤུགས་དང་དཔལ་ཡོན་ངོམས་ན་ཡང་ངས་དྲང་བདེན་དང་གནས་ལུགས་འཁྱེར་ནས་དུས་རབས་ཀྱི་འཛམ་གླིང་ཐོག་ཏུ་བསྐོར་ར་ཐེངས་གཅིག་བརྒྱབ་ཡོང་།  དེ་ནས་ཁྱོད་ཀྱི་སྟོབས་ཤུགས་དང་དཔལ་ཡོན་དེ་དུས་ཐུང་ནང་གི་ཕྱི་ཚུལ་ཙམ་གྱི་ཡིན་པ་ཤེས་སྲིད།     ཐ་ན་སྟོབས་ཤུགས་དང་དཔལ་ཡོན་ཕན་ཐོག་ཡོན་ན་ཁྱོད་ཕྱི་ཡུལ་དུ་བསྐྱོད་དུས་རྐུན་མ་ལྟར་བུ་འགྲོ་དགོས་དོན་དེ་གང་ཡིན་ནམ།  ཁྱོད་ལ་ནག་ཉེས་དང་ཁྲིམས་འགལ་མེད་ན་རྐུན་མ་ནང་བཞིན་འགྲོ་དོན་ཅི་རེད།   ཕྱི་ཡུལ་ནས་ཁྱོད་ལ་ལག་དམར་དང་ཀླ་ཀློ་འབོད་དགོས་དོན་ཅི་ཡིན་འགྲེལ་བཤད་གཅིག་རྒྱོབ་དང་།  ཁྱོད་ཀྱིས་ཉེས་མེད་ལ་ཉེས་སྤྱོད་བཏང་ནས་མུན་ནག་གི་ཁྲིམས་རྭ་ནང་དུ་ཆེས་བཟོད་པར་དཀའ་བའི་མནར་གཅོད་དང་ཐ་ན་དོན་མེད་ལྐོག་སོད་གཏོང་ནས་ལག་དམར་བ་ཁྱོད་རེད།  དོན་མངོན་མ་ཁྱོད་འགྲོ་བ་མིའི་ཤན་པ་དེ་ཁྱོད་ཡིན་ནོ།