བོད་ཀྱི་བང་ཆེན་ཚང་ལ་སྙན་ཞུ།

བཀུར་འོས་བོད་ཀྱི་བང་ཆེན་ཚང་གི་འགན་འཛིན་དང་གསར་འགོད་པ་ཟིན་བྲིས་པ་ཀློག་པ་པོ་བཅས་དྲ་རྒྱ་འདི་ལ་འཁོར་བའི་རིགས་གཅིག་སྤུན་ཟླ་རྣམས་པའི་ཞབས་དྲུང་དུ།    གུས་པ་སྒོ་ཁྱི་ཅོ་རིས་སྐད་ཆ་ཞིག་ཞུ་འདོད་པ་ནི།

ང་རང་བང་ཆེན་ཟིན་བྲིས་པ་ཞིག་ལ་ཞུགས་བསྡད་ཡོད། སྤྱིའི་ཆ་ནས་དྲ་རྒྱ་ཐོག་གི་རྩོམ་ཡིག་དང་མཆན་བུ་རྣམས་ཀྱིས་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་བཟང་ངན་སྣ་ཚོགས་ཤིག་ཡོང་གི་ཡོད་པར་ཡང་གསལ་པོ་རེད། འདྲ་བའི་རྒྱུད་ལམ་འདི་ལ་བརྟེན་ནས་མ་འོང་སྤྱི་ཚོགས་སྐྱོང་དགོས་ཀྱི་ཡོད་པ་ཡང་གསལ་པོ་རེད། དྲ་རྒྱ་གལ་ཆེན་རེད། ངའི་དྲ་ཐོག་ཏུ་བཤད་པའི་སྐད་ཆ་བཟང་ངན་གང་ཡིན་ཡང་ང་རང་རང་གིས་བདག་པོ་རྒྱག་གིན་ཡོད་ལ་མ་འོང་པ་ཡང་རང་གི་བཤད་པའི་སྐད་ཆ་རང་གིས་བདག་པོ་རྒྱབ་ཀྱི་ཡིན། 

ང་དྲ་རྒྱ་ཁག་ཏུ་རང་གཟུགས་ཕྱི་ལ་སྟོན་ནས་སྡོད་ཡོད་པ་མ་གཏོགས་སུ་ཡིན་གང་ཡིན་མི་ཤེས་པའི་དྲ་འབུ་བྱེད་ནས་སྡོད་མེད། དེ་འདྲ་ཡིན་དུས་སྐད་ཆ་དང་རྩོམ་ཡིག་སོགས་ཀྱིས་དཀའ་ངལ་སྤྲོད་བྱུང་ན་འགན་ངས་ཁུར་ཆོག་ཞུ་རྒྱུ་ཡིན། ངས་བསམ་པར་དྲ་བདག་ཚོ་ལ་ཡང་གོང་ནས་གནོན་ཤུགས་དང་འོག་ནས་རྙོག་གླེང་བྱེད་མཁན་ཡང་མི་སྲིད་པ་མ་རེད། ཅིའི་ཕྱིར་ཞེ་ན། ང་སྔོན་མ་བོད་ཀྱི་དུས་བབ་ཟིན་བྲིས་པ་ཞིག་རེད། དུས་བབ་ཚང་གིས་ང་ཕྱིར་ཕུད་བྱས་པ་རེད། རྩོམ་ཡིག་ཞིག་དུས་བབ་ཀྱི་བསམ་ཚུལ་གྱི་ས་མིག་ནང་དུ་བཀོད་ཐུབ་མིན་གྱིས་ཐོག་ནས་རྩོད་པ་བརྒྱབ་མཐའ་ངའི་ལོ་གསུམ་གྱི་ནང་དུ་བྲིས་པའི་རྩོམ་ཡིག་ཆ་ཚང་གཙང་བསུབས་བྱས་པ་རེད། ངའི་རྩོམ་ཡིག་དེ་བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ་ཞེས་པ་དེ་རེད། དེ་འདྲའི་རིགས་བཀག་ཐབས་གང་ཡོད་བྱས་ཀྱི་ཡོད་པར་ང་རང་ཚོའི་མིག་མདུན་དུ་ཡོད།

ཁག་མེད་་་་ངའི་ལྟ་བ་ཡང་རང་བཙན་ཡིན། ངའི་བྲིས་པ་ཡང་རང་བཙན་གྱི་སྐོར་ཡིན། ཕྱོགས་གཅིག་ནས་གུན་ཁྲན་ཏང་མི་དགའ། གཉིས་ནས་ལམ་དབུ་མ་པ་ཚང་ཡང་དགའ་མདོག་མི་འདུག དུས་བབ་ཚང་ལ་ཡང་ཁག་མེད་པ་འདྲ་པོ་རེད། མ་ཟད་ང་ཅོ་རི་ལྟ་བ་དང་སྤྱོད་པ་མ་མཐུན་པའི་ཆོས་ལུགས་ཀྱི་གནད་དོན་ཡོད། དེ་འདྲ་ཡིན་དུས་སུ་སྨྲ་བརྗོད་རང་དབང་ལ་དཀའ་ངལ་འཕྲད་ཀྱི་འདུག་པས་སྙན་ཞུ་ཕུལ་གྱི་ཡོད།

མ་ཟད་ཤམ་བྷ་ལའི་དྲ་རྒྱ་ཡང་སྒོ་ཕྱེ་ཡ་མེད་ནས་དུས་ཡུན་རིང་པོ་ཡིན། སྐད་ཆ་འདི་མི་གཅིག་གིས་ཀྱང་གླེང་གི་མི་འདུག་པས་རྒྱུ་མཚན་ཅི་ཡིན་ཡང་དོགས་པའི་གནས་རེད། ཕྱི་ནང་སུ་ཡིས་གནོན་ཤུགས་སྤྲོད་མིན་མི་ཤེས་ཀྱང་དཀའ་ངལ་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།

ང་དང་པོར་ཤམ་བྷ་ལའི་ཟིན་བྲིས་སུ་ཞུགས་སྐབས་སུ་ལི་ཐང་དབྱིགས་གཉེན་ལགས་ཀྱིས་དྲ་རྒྱ་འདི་ང་རང་ཚོ་གྲྭ་རྐྱང་སྐོར་ཞིག་ཟིན་པ་ཡིན་གསུངས་ཀྱི་འདུག དེང་སང་གྲྭ་རྐྱང་ཚོ་ཡང་གོ་མེད་ཚོར་མེད་རེད་འདུག་པས་ཅི་ཞིག་མ་འགྲིག་པ་ཡིན་མིན་མི་ཤེས།

 

ཚོགས་པ་ཞིག་གི་དྲ་རྒྱའི་ནང་དུ་ཟིན་བྲིས་འབྲི་ས་ཡོད་པ་བང་ཆེན་འདི་མཐའ་མ་ཆགས་སྡོད་ཡོད། འདི་མ་གཏོགས་ང་ལ་མེད། འདི་ནས་ཡང་ཕུད་བཅུག་ཡང་བསམ་པའི་དོགས་འཆར་ཡོང་གི་འདུག་པས་དེ་རིང་སྙན་ཞུ་འདི་བྲིས་པ་ཡིན་ལགས། སྤྱིའི་ཆ་ནས་ཤེས་ཡོན་ཅན་དང་རྩོམ་པ་པོ་ཚོའི་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་རེད་འདོད། ངས་རང་ངོས་ནས་བོད་ནང་གི་རྩོམ་པ་པོ་ཚོའི་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་དང་དྲང་བདེན་ལ་རྒྱབ་ལང་བྱེད་ཀྱི་ཡིན། དཔེར་ན་ཞོགས་དུང་དང་ཚ་བ་མདའ་སྨྱུག་སོགས་དེང་རབས་ཉིས་གཅིག་པའི་གླང་དར་མ་ཆགས་བཅུག་འདོད་མེད། བོད་པའི་མཁན་བླ་སྤྲུལ་ཚོའི་ཆོས་ལུགས་ཀྱི་ལྟ་སྤྱོད་དང་ཏོག་ཙམ་མ་མཐུན་པ་སླེབས་དུས་སྒེར་གཅོད་བྱེད་རྐྱང་བྱས་བསྡད་པ་འདི་ལ་དགའ་པོ་རྩ་བ་ནས་མེད། མཁས་དབང་དགེ་མཆོག་དང་དོན་འགྲུབ་རྒྱལ་ལྟ་བུ་རྣམས་སུ་མ་ཉེས་ཁ་གཡོག་ཕོད་བསྡད་པ་ནི་ཡིད་སྐྱོ་ཡ་ཞིག་དང་བོད་མི་རིགས་ལ་གྱོང་ཆེན་པོ་ཞིག་རེད།

ལས་ངན་འདི་འདྲས་རྐྱེན་པས་གསར་གཏོད་ཡོང་ཡ་མེད་ནས་འཛམ་གླིང་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷོང་སོང་བ་རེད། མི་མཐུན་པའི་སྐད་ཆ་ཡང་བཤད་སའི་ས་ཆ་ཞིག་དགོས་ཀྱི་རེད་མ་གཏོགས་མཐུན་མཐུན་རྐྱང་རྐྱང་ལ་གསར་གཏོད་ཡོང་ཡ་ཁག་པོ་རེད། དགེ་ཆོས་ཀྱིས་གསུངས་པ་ལྟར་ང་རང་ཚོས་ཡང་རྙིང་པ་ཐམས་ཅད་ལྷ་རེད་མ་བསམ་པར་གསར་པ་ཐམས་ཅད་བདུད་རུ་མི་སོམས་པ་འཛམ་བུ་གླིང་གི་མིའི་རིགས་ཀྱི་གྲལ་ནས་པུས་མོ་ས་ལ་བཙུགས་མི་དགོས་པའི་གོམ་པ་ཞིག་སྤོབ་ཨེ་ཐུབ་བལྟ་རྒྱུ་དང་། མགོ་བོ་ས་ཐུག་མི་དགོས་པའི་སྤོབས་པ་ཞིག་ཨེ་རྙེད་ལྟས་ན་ག་འདྲའི་འདུག་གམ།།།།