རྒྱལ་དར་ཐད་བཀའ་སྤྱི་གཉིས་ཀྱི་ལངས་ཕྱོགས་གསལ་སྟོན་དང་ཁ་བརྡ་དྲ་ཚིག་ནང་གི་སྨྱོ་གཏམ།
ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་མིའི་རྒྱལ་དར་འཁྱེར་བར་་གླེང་རྙོག་མང་པོ་ཞིག་བྱུང་ཡོད་པ་དང་། དེ་དང་འབྲེལ་ནས་གསར་འགོད་པ་ཚོས་བཀའ་སྤྱི་གཉིས་ཀྱི་ལངས་ཕྱོགས་གང་ཡིན་མིན་དྲིས་སྐབས། སྤྱི་འཐུས་ལྷན་ཚོགས་ཀྱིས། དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་འདས་པའི་དུས་ལ་སྐར་ལྔའི་དར་དམར་འཕྱར་མེད་ལ་ད་ལྟའང་འཕྱར་གྱི་མེད། མ་འོངས་པར་དབུ་མའི་ལམ་གྱི་དགོངས་དོན་འགྲུབ་ན་གཞི་ནས་གླེང་སློང་བྱེད་འོས་པ་ཞིག་རེད་ཅེས་བརྗོད་པ་དང་། བཀའ་ཤག་གིས་་་་་་་་་
རྒྱ་མིའི་སྐར་ལྔའི་དར་དམར་འཕྱར་བ་རྒྱབ་སྐྱོར་མེད་ལ་དེ་བཞིན་མེར་སྲེག་བཏང་བ་ལའང་རྒྱབ་སྐྱོར་མེད་ཅེས་གསུངས་པ་རེད། འདི་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་ཁྲིམས་མཐུན་དང་། བོད་མི་མང་གིས་དབང་ཐོབ་པའི་སྒྲིག་འཛུགས་ཤིག་གི་བཀའ་ཁྱབ་ཡིན་པས། བོད་ཕྱི་ནང་གཉིས་ཀའི་བོད་མི་ཚོས་ཤེས་པ་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ། དེ་བཞིན་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་དེས་ཀྱང་། བཀའ་སྤྱི་གཉིས་ཀྱི་བཀའ་ཁྱབ་བཞིན་དབུ་མའི་ལམ་གྱི་རྩ་དོན་བཟུང་དགོས་པ་ལས། དེ་མིན་དབུ་མའི་ལམ་ཁ་ལ་འཁྱེར་ནས་སྲིད་ཇུས་འདི་དང་རྒྱབ་འགལ་དུ་སོང་ན། ཕན་ལས་གནོད་ཆེ་བ་ཡོང་གི་ཡོད་པས་དེ་དོན་ངེས་པར་དུ་ཤེས་དགོས།
ཁ་བརྡ་དྲ་ཚིག་ནང། རང་ཚུགས་ཅན་ཟེར་བས། སྙིང་གི་ཚོགས་གཙོར་ཕུལ་བའི་སྐད་ཆའི་དབུ་ཞེས་པའི་ནང་། རྒྱལ་དར་མཉམ་འཕྱར་ལ་བརྟེན་ནས་བཀའ་སྤྱི་གཉིས་ཀས་ཀྱང་རུབ་རུབ་འགའ་གནང་འདུག་ཟེར། རྣམ་དཔྱོད་ལྡན་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ་འདྲ་བ་ཞིག་ཡོད་ན། ཚོགས་གཙོ་མཆོག་ལའང་དེ་རིང་གི་གསུང་བཤད་འདི་ལས་ཅུང་སྣུམ་ཤིག་ཤིག་ཅིག་གསུང་རྒྱུ་ལོས་ཡོད་ཀྱང། ད་ནི་ཚོགས་གཙོའི་གསུང་བཤད་དེའང་སྨྱུག་ཁ་བདག་མེད་ཚོའི་གྲལ་དུ་ཟགས་འདུག་ལ། ཆབ་སྲིད་པ་འགན་མེད་ཚོའི་གཏམ་བཤད་ཀྱི་གྲས་སུའང་ལྷུངས་འདུག་ཅེས་བརྗོད་འདུས་པས། ངས་སྐད་ཆ་འདིའི་བརྗོད་ཚིག་ལ་བརྟེན་ནས་ཅུང་ཟད་དབྱེ་ཞིབ་བྱེད་རྒྱུ་ཡིན་པས། རང་ཚུགས་ཅན་དང་འབྲེལ་ཡོད་ཚོས་དོ་སྣང་བྱེད་དགོས།
བཀའ་སྤྱི་གཉིས་རུབ་རུབ་བྱས་མེད་ཀྱང་སོ་སོའི་ཚོགས་དུས་ཀྱི་ཞོར་འཕྲོས་ལ་གླེང་སློང་བྱས་ཡོད་འདུག དེ་ནི་ཚོགས་གཙོ་ཁོ་ནའི་ཐག་གཅོད་རེད་མི་འདུག་ལ་སྤྱི་འཐུས་རྒྱུན་ལས་སུ་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་འབའ་བ་སྐལ་བཟང་རྒྱལ་མཚན། ཀརྨ་ཡེ་ཤེས། འཇམ་དབྱངས་བཟོད་པ། ཀརྨ་ཆོས་འཕེལ་བཅས་ཀྱིས་གླེང་སློང་ཤུགས་ཆེ་བྱས་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཐག་གཅོད་བྱས་པ་ཞིག་རེད་འདུག་ལ། བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ་ཞིག་ཀྱང་ཆགས་ཡོད་འདུག གལ་སྲིད་ཁྱེད་ལ་རྒྱུ་མཚན་ཡོད་ན་གོང་བརྗོད་མི་དེ་དག་གི་འགྲམ་དུ་བཅར་དགོས་ཀྱི་རེད།
ཡང་ཁ་བརྡ་དྲ་ཚིག་ནང་། རྣམ་དཔྱོད་ལྡན་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ་འདྲ་བ་ཞིག་ཡོད་ན། ཚོགས་གཙོ་མཆོག་ལའང་དེ་རིང་གི་གསུང་བཤད་འདི་ལས་ཅུང་སྣུམ་ཤིག་ཤིག་ཅིག་གསུང་རྒྱུ་ལོས་ཡོད་ཟེར། དེ་ནི་ཁྱེད་ཀྱིས་གཏན་ནས་མི་ཤེས་པའི་བླུན་གཏམ་ཞིག་རེད། ཟམ་གདོང་རིན་པོ་ཆེ་འདྲ་བ་ཡོད་ནའང་སྤྱི་འཐུས་རྒྱུན་ལས་ལ་རང་ཐག་རང་གཅོད་ཀྱི་དབང་ཆ་ཆ་ཚང་ཡོད་འདུག་པས། ཚོགས་གཙོས་འདི་རང་གསུང་གི་རེད་ཟེར། དོན་དུ་ཚོགས་གཙོ་རང་ཚུགས་བརྟན་པོའི་ངང་གནས་ཡོད་པས་རང་གི་མི་བདག་པོ་རྒྱག་ཤེས་པར་གྱིས། མ་གཏོགས་ཁྱེད་ཀྱི་མི་སྒྲོལ་དཀར་ལྷ་མོ་ནི་་་་་་་་་་་་་་་་་་་་་་་་།
ཡང་དེའི་ནང་། ད་ནི་ཚོགས་གཙོའི་གསུང་བཤད་དེའང་སྨྱུག་ཁ་བདག་མེད་ཚོའི་གྲལ་དུ་ཟགས་འདུག་ལ། ཆབ་སྲིད་པ་འགན་མེད་ཚོའི་གཏམ་བཤད་ཀྱི་གྲས་སུའང་ལྷུངས་འདུག་ཟེར། སྨྱུག་ཁ་བདག་མེད་ཟེར་བ་དེ་ཚོགས་གཙོས་བཅར་འདྲི་དང་ལེན་བྱེད་སའི་བོད་ཀྱི་བང་ཆེན་ལ་བརྗོད་ཁུལ་ཡིན་པ་དང་། ཆབ་སྲིད་པ་འགན་མེད་ཚོ་ཟེར་བ་དེ་སྤྱི་འཐུས་དང་བཀའ་ཤག་ཡོངས་རྫོགས་ལ་བརྗོད་པ་ཞིག་རེད། ཆབ་སྲིད་པ་དེ་དག་ལ་འགན་ཡོད་མེད་རྩོད་གཞི་མེད། ད་དུང་ཁོང་ཚོར་དབང་ཆ་ཡོད་པས། ཁྱེད་དང་ཁྱེད་འདྲ་བའི་སྨྱུག་འཛིན་གྱི་མིང་འཁྱེར་མཁན་འགོ་མི་ཚོས་མཁན། སྤྱི་ཚོགས་ཁྲོད་གང་དྲན་དྲན་སྨྲ་མཁན་ཚོ་ལ་དུས་ནམ་ཡང་གོ་སྐབས་སྤྲོད་མདོག་ཁག་པོ་མི་འདུག་པས། སྙིང་ལ་རུས་པ་བཅུག་ནས་ཧུར་བརྩོན་བྱེད་དགོས།