རང་བཙན་བསྐྱར་གསོའི་ལས་འགུལ་འགོ་འཛུགས།

2012-5-24 tendorཁ་སང་རང་བཙན་བསྐྱར་གསོའི་དུས་དྲན་གྱི་མཛད་སྒོ་ཞིག་འཚོགས་ཏེ། གཞོན་སྐྱེས་ཚོའི་ངོས་ནས་མུ་མཐུད་དུ་རང་བཙན་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་བོད་རང་བཙན་སློབ་ཕྲུག་ཚོགས་པས་བརྗོད་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་དགོང་དྲོ་ཆུ་ཚོད་༦ པའི་སྟེང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག དྷ་སའི་མེག་གྷན་ཉིན་མོ་སློབ་གྲྭའི་ར་བའི་ནང་དུ། བོད་རྒྱའི་བར་གྲོས་མཐུན་དོན་ཚན་༡༧ བཞག་པའི་ཉིན་མོ་དང་བསྟུན་ཏེ། རང་བཙན་བསྐྱར་གསོའི་དུས་དྲན་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོ་དེར་གཏམ་བཤད་པ་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་དང་གསེར་རྟ་ཚུལ་ཁྲིམས། ཤར་གླིང་ཟླ་སྒྲོན།  གཞན་ཡང་བོད་དོན་ལས་འགུལ་བ་དང་། རང་བཙན་འཐབ་རྩོད་པ་སོགས་གདན་འདྲེན་ཞུས་འདུག

མཛད་སྒོའི་ཐོག་མར་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོས། ཐེངས་འདིའི་གོ་སྒྲིག་པས་༧ གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྤེལ་བའི་བོད་རང་བཙན་གསལ་བསྒྲགས་དེའི་ཐང་དྲིལ་དཔེ་རིས་ཤིག་བཟོས་ཡོད་པ་དེ་ཞལ་འབྱེད་དང་འབྲེལ། གསལ་བསྒྲགས་དེ་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་ལོ་རྒྱུས་ལ་རྒྱུས་ཆེ་བའི་མི་རབས་རྒན་པ་དང་། མི་རབས་གསར་པ་ཁག་ཅིག་གིས་རེས་མོ་བྱས་ནས་མང་ཚོགས་ཀྱི་སྙན་ལམ་དུ་སྒྲོགས་སྦྱང་བྱས་སོང་།

2012-5-24 tendor

དེ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེས་ཐེངས་འདིའི་ལས་འགུལ་ངོ་སྤྲོད་དང་འབྲེལ་བརྗོད་དོན། “རྩ་བའི་ང་ཚོས་ལས་འགུལ་འདི་འགོ་བཙུགས་པ་ནས་བཟུང་། དཀའ་ལས་དང་བར་ཆད་མང་པོ་ཞིག་བྱུང་སོང་། ཡིན་ན་ཡང་༧གོང་ས་སྐུ་ཕྲེང་བཅུ་གསུམ་པས། བོད་རང་བཙན་གྱི་ལས་དོན་ཆེད་སྐུ་ངལ་ཚད་མེད་ཅིག་བསྐྱོན་ཡོད་པ་དེ་ཚོར་བསམ་བློ་བཏང་དུས། ང་ཚོས་དཀའ་ལས་ག་ཚོད་ཅིག་རྒྱག་དགོས་བྱུང་རུང་རྒྱག་རྒྱུའི་ཆོད་སེམས་བརྟན་པོ་ཡོད་”ཅེས་བོད་དོན་འཐབ་རྩོད་ཆེད་དཀའ་ལས་རྒྱག་དགོས་སྐོར་དང་། ཡང་ཁོང་གིས་“དེང་སང་ཕྱི་ནང་གི་མི་མང་པོ་ཞིག་གིས་བོད་དེ་རང་བཙན་ཡིན་མིན་ལ་རྩོད་པ་རྒྱག་གི་ཡོད་རེད། ཡིན་ན་ཡང་བློ་གཟུ་བོར་གནས་པའི་ཐོག་ནས། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྤེལ་བའི་རང་བཙན་གསལ་བསྒྲགས་དེར་བལྟས་པ་ཡིན་ན། བོད་དེ་རང་བཙན་ཡིན་མིན་ལ་རྩོད་པ་ཡོད་མ་རེད་ལ། དོགས་པ་ཡང་དགོས་ཀྱི་ཡོད་མ་རེད་ཅེས་གཞོན་སྐྱེས་ཚོས་གནས་ལུགས་དང་རྒྱུ་མཚན་ཤེས་པའི་ཐོག་ནས། རང་བཙན་འཐབ་རྩོད་མུ་མཐུད་དུ་བྱ་དགོས་སྐོར་སོགས་བརྗོད་སོང་།

དགའ་ལྡན་ཕོ་བྲང་གི་བོད་ཀྱི་སྐད་ཡིག་དང་ཤེས་རིག་ལམ་སྟོན་པ་སྣར་སྐྱིད་ངག་དབང་དོན་འགྲུབ་ཀྱིས། ༧གོང་ས་མཆོག་སོག་ཡུལ་དང་རྒྱ་ནག་ལ་ཕེབས་ནས་ཕྱིར་འབྱོར་མཚམས། མན་ཇུ་ཡིས་བོད་ལ་བཙན་འཛུལ་བྱས་ནས། ༧རྒྱལ་བ་རིན་པོ་ཆེ་ལ་ཆོས་ཀྱི་ཐོབ་ཐང་མ་གཏོགས་མེད་ཅེས་བསྒྲགས་གཏམ་སྤེལ་བ་སོགས་ཀྱི་གནས་སྟངས་འོག རྒྱ་གར་ལ་བྲོས་བྱོལ་དུ་ཡོང་དགོས་བྱུང་བ་དང་། མཐར་༡༩༡༢ ལོར་ཕྱིར་བོད་དུ་ཕེབས་ནས། ༡༩༡༣ ལོར་བོད་རང་བཙན་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་དེ། དེ་རིང་ལོ་བརྒྱ་འཁོར་ལ་ཉེ་བའི་དུས་ཚོད་འདིར་ན་གཞོན་ཚོའི་ངོས་ནས་བསྐྱར་དུ་སླར་གསོ་བྱས་པ་དེ་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོས་མི་རིགས་ཀྱི་འགན་ཡག་པོ་ཁུར་གྱི་འདུག ང་ཤི་ཡང་འགྱོད་པ་མེད་ཅེས་བརྗོད་སོང་།

དེ་རྗེས་གཏམ་བཤད་པ་ཚོས་ཐེངས་འདིའི་རང་བཙན་བསྐྱར་གསོའི་ལས་འགུལ་ལ་བསྔགས་བརྗོད་དང་འབྲེལ་གཏམ་བཤད་གནང་སོང་།

ཐེངས་འདིའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་ནས་ལོ་བརྒྱ་འཁོར་བའི་དྲན་གསོའི་ཆེད་ཟླ་འདིའི་ཕྱི་ཚེས་༢༣ ཉིན་ནས་འགོ་བརྩམས་ཏེ་ལོ་གཅིག་རིང་། ལས་འགུལ2012-5-24་འགུལ་འདྲ་མིན་སྤེལ་འཆར་ཡོད་པ་དང་། ༡༩༡༣ ལོར་༧ གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྤེལ་པའི་བོད་རང་བཙན་ཡིན་པའི་བསྒྲགས་གཏམ་དེ། འཛམ་གླིང་གི་ཡུལ་གྲུ་ཚང་མར་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག དེ་དང་བསྟུན་རང་བཙན་བསྐྱར་གསོའི་ལས་འགུལ་ཡང་འདྲ་མིན་སྤེལ་འཆར་ཡོད་པ་རེད།།