རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན།

foodboll2_2012_5_26དེ་རིང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ པ་དེ་རྒྱ་གར་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རུ་དཔོན་ཟུར་པ་བུ་ཆུང་བྷོ་ཊ་ཡས་དབུ་འབྱེད་གནང་བ་དང་། ཐེངས་འདིར་རྩེད་འགྲན་པ་རུ་ཁག་༡༨ མཉམ་ཞུགས་བྱས་འདུག་ལ། འདི་ནི་བཙན་བྱོལ་ནང་གི་མི་མང་འཛོམས་ཆེ་ཤོས་ཀྱི་རྩེད་འགྲན་ཞིག་ཡིན་པ་རེད།

foodboll2012_5_26བུ་ཆུང་བྷོ་ཊ་ཡ་ཐེངས་འདིར་དྷ་སར་ཡོང་བ་དང་སྟབས་བསྟུན། ཁོང་གིས་དུས་རྒྱུན་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་གསོལ་ཆེད། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་བོད་མི་མང་གི་ཚབ་བྱས་ཏེ་གཞོན་ལྷན་ཚོགས་གཙོས་ཐང་ཁ་ཞིག་ཕུལ་ཡོད་པ་རེད།

དེ་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༢༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༡ པོའི་སྟེང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ། རྒྱལ་ཡུམ་ཆེན་མོ་རྗེས་དྲན་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ པ་དེ་དབུ་འཛུགས་བྱས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། རྒྱ་གར་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རུ་དཔོན་ཟུར་པ་བུ་ཆུང་བྷོ་ཊའི་ཡ་(Bhaichung Bhutia)དང་། ནེའུ་ཟི་ལན་ཌའི་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་པ་ཟུར་པ་སྐུ་ཞབས་ཌེམ་བྷི་རོན་(Tim Brown) གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ་བཅས་མཉམ་འཛོམས་བྱས་འདུག

foodboll 3_2012_5_26མཛད་སྒོའི་ཐོག་མར་བོད་ཁྱིམ་རྔ་རོལ་སྡེ་ཚན་གྱིས་སྣེ་ཁྲིད་འོག རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༡༨ པའི་ནང་ཞུགས་པའི་རྩེད་འགྲན་རུ་ཁག་རྣམས་རུ་སྒྲིག་གི་ལམ་ནས་རྩེད་ཐང་དུ་འཛོམས་པ་དང་། དངོས་གཞིའི་འགྲན་སྡུར་འགོ་འཛུགས་མ་བྱས་གོང་། རྒྱ་གར་ཀང་ར་རྫོང་བུ་མོའི་རུ་ཁག་དང་། བོད་ཁྱིམ་ཆིག་སྒྲིལ་བུ་མོའི་རུ་ཁག་གཉིས་དུས་ཡུན་སྐར་མ་༣༠ རིང་རྐང་སྤོལ་འགྲན་སྡུར་བྱས་ཏེ། བོད་ཁྱིམ་ཆིག་སྒྲིལ་བུ་མོའི་རུ་ཁག་གིས་སྤོ་ལོ་༢ བླུགས་ཡོད་པ་དང་། རྒྱ་གར་ཀང་ར་རྫོང་བུ་མོའི་རུ་ཁག་གིས་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་པ་རེད།

foodboll1_2012_5_26རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ པ་དེའི་ཐོག་མར། ཀེལ་མན་ཀྲོང་དོན་འགྲུབ་གླིང་རུ་ཁག་དང་། པོག་ར་བཀྲ་ཤིས་འཕེལ་རྒྱས་གླིང་གཉིས་ཀྱི་བར་འགྲན་སྡུར་བྱས་ཏེ། ཕྱོགས་གཉིས་ཆ་ནས་སྤོལ་༡ རེ་བླུགས་ནས་རུ་ཁག་དེ་གཉིས་ཀྱི་བར་རྒྱལ་ཕམ་བྱུང་མེད་པ་དང་། དེ་ནས་མོན་གྷོ་རུ་ཁག་དང་བྷེལ་ཀོབ་རུ་ཁག་གཉིས་ཀྱི་བར་འགྲན་སྡུར་བྱས་ཏེ། མོན་གྷོ་རུ་ཁག་གིས་སྤོལ་༡ དང་བྷེལ་ཀོབ་རུ་ཁག་གིས་སྤོལ་གཅིག་ཀྱང་བླུགས་མ་ཐུབ་ཏེ། རུ་ཁག་དེ་གཉིས་ཀྱི་བར་གྱི་རྒྱལ་ཁ་མོན་གྷོ་རུ་ཁག་ལ་ཐོབ་ཡོད་པ་རེད། །