རང་ལུས་མེར་བསྲེག་གཏོང་མཁན་ལ་གདུང་སེམས་མཉམ་བསྐྱེད།

dorjee tseten boraཟླ་འདིའི་ཚེས་༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་གཞོན་སྐྱེས་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ་དང་། གཅིག་ཨ་མདོ་འབོ་ར་ནས་ཡིན་པ་དང་། གཅིག་ཨ་མདོ་རྔ་པ་ནས་ཡིན་འདུག འབྲེལ་ཡོད་ཀྱིས་བརྗོད་པ་ལྟར་ན་གཉིས་གྲོངས་ཟིན་ཡོད་འདུག

དེ་རིང་དགོང་མོ་དྷ་སར་ས་གནས་གཞོན་ལྷན་གྱི་ངོས་ནས་ཁོང་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཆེད་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིག་བྱས་འདུག་ལ། སྐབས་དེར་དྷ་ས་བོད་ཁྱིམ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ་མི་མང་འདུ་འཛོམས་བྱས་ཏེ། དབུས་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་བྱས་ཡོད་པ་རེད།

tyc_28_5_2012རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བསོད་ནམ་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་འདིའི་ཚེས་༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བདེན་མིན་འདྲ་མིན་ཞིག་འབྱུང་བཞིན་འདུག དངོས་ཡོད་གནས་ཚུལ་ནི་གཅིག་གི་མིང་ལ་རྡོ་རྗེ་ཚེ་བརྟན་ཟེར་གྱི་འདུག་ལ། རང་ལོ་༡༩ ཡིན་འདུག ཁོང་ཨ་མདོ་འབོ་ར་ནས་ཡིན་པ་དང་། ད་ལྟ་རྒྱ་ནག་གིས་ས་ཆ་ཆ་བགོས་བྱས་པ་ལྟར་ན། ཀན་ལྷོ་ཁུལ་བསང་ཆུ་རྫོང་འབོ་ར་ཤང་། སྐྱ་དེའུ་ཁོག་ས་གནས་ནས་རེད། ཕ་མིང་ལ་བན་དེ་མཁར་དང་། མ་མིང་ལ་སྒྲོལ་དཀར་སྐྱིད་ཟེར་གྱི་ཡོད་པ་རེད།

ཟླ་༥ བའི་ཚེས་༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་མདུན་ནས་ཁོང་གི་གྲོགས་པོ་ཨ་མདོ་རྔ་པའི་ན་གཞོན་རང་ལོ་༢༥ ཅན་ཞིག་དང་མཉམ་དུ་རང་ལུས་མེར་བསྲེག་བཏང་བ་རེད། དང་ཐོག་ཁོང་གཉིས་ཀྱིས་བོད་ནང་གི་ཆུ་ཚོད་༡དང་པོའི་སྟེང་ལྷ་སའི་ཇོ་ཁང་གཡོན་ངོས་ཀྱི་སྟག་གཤམ་མགྲོན་ཁང་ནས་གྲ་སྒྲིག་བྱས་པ་དང་། བོད་ནང་གི་ཉིན་རྒྱབ་ཆུ་ཚོད་༢ ཙམ་ལ་ཁྲོམ་ལ་སོང་སྟེ་ཀི་རིང་གསུམ་བཏབ་སྟེ་རང་ལུས་མེ་རུ་བསྒྲོན་འདུག དེ་ནས་གཅིག་ཇོ་ཁང་མདུན་གྱི་དར་ཆེན་འཁྲིས་བར་མེ་ལྕེ་དམར་ལམ་ལམ་འབར་བཞིན་སྐད་འབོད་དང་བཅས་བརྒྱུགས་ཡོད་པ་དང་། གཅིག་གོམ་པ་བཅུ་ལྷག་བརྒྱུགས་པ་དང་ཐང་ལ་འགྱེལ་ཡོད་འདུག དེ་མ་ཐག་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་མེ་བསད་ནས་ཁོང་གཉིས་བཙན་ཁྱེར་བྱས་ཡོད་འདུག དངོས་སུ་མཐོང་མཁན་ཚོས་བཤད་པ་ལྟར་ན་ཕལ་ཆེར་ཇོ་ཁང་མདུན་དུ་རྒྱུག་མཁན་དེ་གྲོངས་ཡོད་ཚུལ་བརྗོད་ཀྱི་འདུག

ཟླ་འདིའི་ཚེས་༢༨ ཉིན་ལྷ་སའི་ཉེན་རྟོག་པས་ཁོང་གཉིས་ས་གནས་སུ་འབྲེལ་བ་བྱས་ཡོད་འདུག་ལ། ནང་མིས་ཁོང་གཉིས་ཀྱི་གནས་སྟངས་སྐད་ཆ་དྲིས་སྐབས། གྲོངས་ཡོད་ས་རེད་ཟེར་བ་ཙམ་ལས་གསལ་བཤད་གང་ཡང་བྱས་མི་འདུག

ཁོང་གཉིས་ཀྱིས་དེ་སྔོན་ལྷ་སའི་ཁྲོམ་གཟིགས་ཁང་གི་ཉི་མའི་གླིང་ཟེར་བའི་ཟ་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་འདུག་ལ། ད་ལྟ་ཟ་ཁང་ནང་གི་སྤྱིན་བདག་དང་ལས་རོགས་ཚང་མ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཟ་ཁང་ནང་མི་གཞན་གཅིག་ཀྱང་འགྲོ་རུ་བཅུག་གི་མེད་པ་རེད།།

རྒྱ་ནག་གཞུང་འབྲེལ་ཞིན་ཧ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། མེར་བསྲེག་གཏོང་མཁན་གཅིག་གི་མིང་ལ་རྡོ་རྗེ་ཚེ་བརྟན་ཟེར་གྱི་ཡོད་པ་དང་། ཁོང་སྐུ་གྲོངས་ཡོད་འདུག ཨ་མདོ་རྔ་པ་ནས་ཡིན་པ་དེའི་མིང་ལ་དར་རྒྱས་ཟེར་གྱི་ཡོད་པ་དང་། ཁོང་གྲོངས་མེད་པའི་གནས་ཚུལ་ཟླ་འདིའི་ཚེས་༢༨ ཉིན་སྤེལ་འདུག