རང་ལུས་མེར་བསྲེག་གཏོང་མཁན་རི་ཀྱོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ།
ཕྱི་ཟླ་༥ ཚེས་ ༣༠ ཉིན་བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེག་གཏོང་མཁན་མདོ་སྨད་འཛམ་ཐང་ནས་ཡིན་པ་རི་ཀྱོ་ལགས་ཀྱི་ཕུང་པོ་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ། ཉིན་དེའི་མཚན་མོའི་ཚོད་ ༡༡ སྟེང་ཞུགས་འབུལ་བྱེད་དགོས་བྱུང་འདུག
དེ་ཡང་དྷ་ས་ར་གནས་སྡོད་ཚངས་དབྱངས་རྒྱ་མཚོས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར། ཕྱི་ཟླ་༥ ཚེས་ ༣༠ ཉིན་གྱི་ཕྱི་དྲོ་ཚོད་ ༣ ཡས་མས་སུ་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐབས། ས་གནས་ཉེན་རྟོག་པ་སླེབས་ཏེ་མེ་གསོད་ཐབས་བྱས་ཡོད་ཀྱང་། མེ་འབར་ཤུགས་ཆེ་བས་གསོད་མ་ཐུབ་པར་ས་གནས་དེ་རང་ལ་སྐུ་གྲོངས་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་ཁོ་མོའི་ཕུང་པོ་འཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ། འཛམ་ཐང་དགོན་ཆེན་གྱི་གྲྭ་ཚང་གསུམ་གའི་གྲྭ་མང་གཅིག་སྟོང་ལྷག་ཅིག་གིས་ཕོ་ལུང་དང་བསྔོ་སྨོན་མཆོད་འབུལ་ཚོགས་ཡོད་འདུག
དེའི་རྗེས་སུ་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ། རྒྱལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་ཉིན་དེ་རང་ལ་གང་མགྱོགས་ཞུགས་འབུལ་བྱེད་དགོས་པ་དང་། གལ་སྲིད་ཁོ་མོ་སྐུ་ཕུང་ཉིན་དེ་རང་ལ་ཞུགས་འབུལ་མ་བྱས་ཚེ་ཕྱིར་བཙན་འཕྲོག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པའི་རྐྱེན་གྱིས། མཚན་མོའི་ཆུ་ཚོད་ ༡༡ སྟེང་དགོན་པའི་ཉེ་འཁྲིས་རི་འདབས་ཀྱི་དུར་ཁྲོད་ནང་ཞུགས་འབུལ་བྱས་ཡོད་འདུག
ཕུང་པོ་ཞུགས་འབུལ་བྱེད་སར་འཛམ་ཐང་དགོན་ཆེན་གྱི་གྲྭ་པ་དང་། ས་གནས་མང་ཚོགས་བཅས་ཁྱོན་མི་གྲངས་༥༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག་ལ། དགོང་མོར་ས་གནས་དེར་ཆར་ཤུགས་ཆེན་པོ་བབས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་། གྲྭ་པ་དང་མང་ཚོགས་རྣམས་ཀྱི་སེམས་ཤུགས་ཆེན་པོའི་མཚན་མོའི་ཆུ་ཚོད་ ༣ པ་བར་དུ་བསྔོ་སྨོན་དང་མཆོད་འབུལ་འཚོགས་ནས་དུར་ཁྲོད་དུ་བསྡད་ཡོད་འདུག
རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ནི་འཛམ་ཐང་བར་མ་ཡུལ་ཚོའི་གཙང་སྡེ་ནས་ཡིན་ལ། འཚོ་གནས་འབྲོག་པ་ཡིན་འདུག ཁོ་མོ་ནམ་རྒྱུན་གྲོང་ཕན་ཚུན་ལ་མཐུན་པོ་དང་། ཉམ་ཐག་ལ་རོགས་པ་བྱེད་པ། དགེ་སྦྱོར་ལ་བརྩོན་མཁན་ཞིག་ཡིན་འདུག མེར་བསྲེག་མ་བཏང་གི་སྔོན་གྱི་ཉིན་མང་པོའི་ནང་ཉིན་མཚན་གཉིས་ལ་ཕྱག་འཚལ་གྱི་འདུག་པས། སྔོན་མ་ཞིག་ནས་ཁོ་མོའི་རང་ལུས་མེར་བསྲེག་གཏོང་རྒྱུར་གྲ་སྒྲིག་བྱས་ཡོད་པར་ས་གནས་མང་ཚོགས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་འདུག ཁོ་མོ་ད་སྐབས་རང་ལོ་ ༣༦ ཡིན་པ་དང་། ཁོ་མོའི་ཕ་མིང་ལ་ཕྱུག་ལོ་དང་། མ་མིང་ལ་རིན་ལྷ། ཁྱོ་གའི་མིང་ལ་སྣང་སྟོང་ཟེར་ཞིང་། ཁོང་གཉིས་ལ་ཕྲུ་གུ་ཆུང་ཆུང་གསུམ་ཡོད་འདུག །